དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ཁྱེད་ཀྱིས་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་གང་དག་ཤེས་སམ།

    བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-20

    ★ རང་རྒྱལ་གྱི་རྩ་ཁྲིམས་གནས་བབ།

    རྩ་ཁྲིམས་ནི་རང་རྒྱལ་གྱི་གཞི་རྩའི་བཅའ་ཁྲིམས་ཡིན་པས་བཅའ་ཁྲིམས་ཀྱི་གནས་བབ་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་བཅས་ཆེ་ཤོས་ལྡན་པ་མ་ཟད། རྩ་བའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། བརྟན་པོའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱང་ལྡན་ཡོད།

    རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས་མཐའ་དག སྲིད་ཏང་ཁག་དང་སྤྱི་ཚོགས་ཚོགས་པ་ཁག ཁེ་ལས་དང་བྱ་གཞག་རྩ་འཛུགས་ཁག་བཅས་ཀྱིས་རྩ་ཁྲིམས་རྩ་བར་བཟུང་བའི་བྱེད་སྒོའི་ཚད་གཞི་འཛིན་དགོས་པ་མ་ཟད། རྩ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་སྐྱོང་དང་རྩ་ཁྲིམས་ལག་ལེན་བསྟར་བར་འགན་ལེན་བྱེད་པའི་འགན་འཁྲིའང་ཡོད།

    བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མཐའ་དག་ལ་རྩ་ཁྲིམས་དང་འགལ་བའི་ཆ་ཡོད་མི་རུང་།

    ★ རང་རྒྱལ་རྩ་ཁྲིམས་ཀྱི་འཕེལ་རྒྱས་ལོ་རྒྱུས།

    ཀྲུང་གོ་གསར་པ་དབུ་བརྙེས་རྗེས། 1954ལོ་དང་། 1975ལོ། 1978ལོ། 1982ལོ་བཅས་ལ་རྩ་ཁྲིམས་ཁག་བཞིར་གྲོས་འཆམ་བྱས་ཡོད། ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ནི་1982ལོར་གྲོས་འཆམ་བྱུང་བ་དེ་ཡིན་ཞིང་། 1988ལོ་དང་། 1993ལོ། 1999ལོ། 2004ལོ། 2018ལོ་བཅས་ལ་བཟོ་བཅོས་ཐེངས་ལྔ་བརྒྱབ་ཡོད། རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ནི་1982ལོའི་ཟླ་12ཚེས་4ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་ནས་ཡོངས་བསྒྲགས་དང་ལག་ལེན་བསྟར་བ་ཞིག་རེད།

    ★ ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་ནང་དོན་གཙོ་བོ།

    རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ལ་ཁྱོན་བསྡོམས་གླེང་གཞི་1དང་། ས་བཅད་4 དོན་ཚན་143བཅས་ཡོད། དེའི་གྲུབ་ཚུལ་ནི། གླེང་གཞིར་རང་བྱུང་དུམ་མཚམས་13དང་། ས་བཅད་དང་པོའི“སྤྱིའི་རྩ་འཛིན”ལ་དོན་ཚན་32 ས་བཅད་གཉིས་པའི“སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན”ལ་དོན་ཚན་24 ས་བཅད་གསུམ་པའི“རྒྱལ་ཁབ་ཀྱི་སྒྲིག་གཞི”ལ་དུམ་མཚམས་8དང་དོན་ཚན་84 ས་བཅད་བཞི་པའི“རྒྱལ་དར་དང་། རྒྱལ་གླུ། རྒྱལ་རྟགས། རྒྱལ་ས”ལ་དོན་ཚན་3བཅས་ཡོད།

    ★ རྒྱལ་ཁབ་ཀྱིས་རྒན་ཡོལ་ཞུ་བའི་ལམ་ལུགས་ཁྲིམས་ལྟར་ལག་ལེན་བསྟར་གྱི་ཡོད།

    རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པ་ལྟར་ཁེ་ལས་དང་བྱ་གཞག་རྩ་འཛུགས་ཀྱི་ལས་བཟོ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པའི་རྒན་ཡོལ་ཞུ་བའི་ལམ་ལུགས་ལག་ལེན་བསྟར་གྱི་ཡོད། རྒན་ཡོལ་ཞུས་པའི་མིའི་འཚོ་བར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འགན་སྲུང་ཐོབ་ཀྱི་ཡོད།

    ★ བཅའ་ཁྲིམས་ཀྱི་མདུན་དུ་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡོད་པའི་མི་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མ་བཅའ་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཡིན།

    རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་ཀྱི་ཡོད།

    སྤྱི་དམངས་སུ་ཞིག་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཁེ་དབང་སྤྱོད་དབང་ཡོད་ལ། དེ་དང་དུས་མཚུངས་སུ་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འོས་འགན་ལག་བསྟར་ཡང་བྱེད་དགོས།

    ★ ལོ་18ལོན་པའི་སྤྱི་དམངས་ལ་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་18ལོན་པའི་སྤྱི་དམངས་ལ་མི་རིགས་དང་། རིགས་རྒྱུད། ཕོ་མོ། ལས་རིགས། ཁྱིམ་ཚང་། ཆོས་དད། སློབ་གསོ་མཐོ་དམན། རྒྱུ་ནོར་གནས་ཚུལ། གཞིས་ཆགས་དུས་ཡུན་བཅས་ལ་མ་བལྟོས་པར་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཡོད། འོན་ཀྱང་བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་མི་ཚུད་མེད།

    ★ སྤྱི་དམངས་ཀྱི་མི་ལུས་རང་དབང་དང་མི་གཞིའི་ལ་རྒྱར་བཙན་གནོད་གཏོང་མི་ཆོག

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་གཏོང་མི་ཆོག

    སྤྱི་དམངས་སུ་ཞིག་ཡིན་རུང་། མི་དམངས་ཞིབ་དཔྱོད་ཁང་གི་ཆོག་མཆན་ནམ་གཏན་འབེབས་སམ་ཡང་ན་མི་དམངས་ཁྲིམས་ཁང་གི་གཏན་འབེབས་མ་ཐོབ་པ་དང་དེ་བཞིན་སྤྱི་བདེ་ལས་ཁུངས་ཀྱི་ལག་བསྟར་མིན་པའི་གནས་ཚུལ་འོག འཛིན་བཟུང་བྱེད་མི་ཆོག

    ཁྲིམས་དང་མ་མཐུན་པའི་བཀག་སྐྱིལ་དང་བྱ་ཐབས་གཞན་གྱི་ཐོག་ནས་ཁྲིམས་དང་མ་མཐུན་པར་སྤྱི་དམངས་ཀྱི་མི་ལུས་རང་དབང་འཕྲོག་པའམ་ཡང་ན་ཚོད་འཛིན་བྱེད་མི་ཆོག་ལ། ཁྲིམས་དང་མ་མཐུན་པར་སྤྱི་དམངས་ཀྱི་ལུས་པོར་སྔོག་བཤེར་བྱེད་མི་ཆོག

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མི་གཞིའི་ལ་རྒྱར་བཙན་གནོད་གཏོང་མི་ཆོག བྱ་ཐབས་གང་རུང་གི་ཐོག་ནས་སྤྱི་དམངས་ལ་དམའ་འབེབས་དང་། སྐྱོན་འདོགས། སྙོན་འཛུགས། མ་ཉེས་ཁ་གཡོགས་བཅས་བྱེད་མི་ཆོག

    ★ སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་དང་འཕྲིན་གཏོང་གསང་བར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཀྱི་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་དང་འཕྲིན་གཏོང་གསང་བར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཀྱི་ཡོད། འོན་ཀྱང་། རྒྱལ་ཁབ་ཀྱི་བདེ་འཇགས་སམ་ཉེས་དོན་ཉེས་གསོག་རྩད་གཅོད་ཀྱི་དགོས་མཁོའི་དབང་གིས་སྤྱི་བདེ་ལས་ཁུངས་སམ་ཡང་ན་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་གོ་རིམ་ལྟར་འཕྲིན་གཏོང་ལ་ཞིབ་བཤེར་བྱེད་པ་ཕུད། རྩ་འཛུགས་སམ་མི་སྒེར་གང་རུང་གིས་རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་དང་འཕྲིན་གཏོང་གསང་བར་གནོད་འཚེ་གཏོང་མི་ཆོག

    ★ སྤྱི་དམངས་ལ་ངལ་རྩོལ་གྱི་དབང་ཆ་དང་འོས་འགན་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ངལ་རྩོལ་གྱི་དབང་ཆ་དང་འོས་འགན་ཡོད།

    རྒྱལ་ཁབ་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ངལ་རྩོལ་ལས་ཞུགས་ཀྱི་ཆ་རྐྱེན་བསྐྲུན་ནས་ངལ་རྩོལ་སྲུང་སྐྱོང་ལ་ཤུགས་སྣོན་དང་། ངལ་རྩོལ་ཆ་རྐྱེན་ལེགས་སུ་གཏོང་བ་དང་སྦྲགས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་ངལ་རྩོལ་གྱི་ཐོབ་ཆ་དང་ཕན་བདེའི་ཐོབ་ཐང་མཐོ་རུ་གཏོང་གི་ཡོད།

    ངལ་རྩོལ་ནི་ངལ་ནུས་ཡོད་པའི་སྤྱི་དམངས་ཐམས་ཅད་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིན། གཞུང་ཁོངས་ཁེ་ལས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ངལ་རྩོལ་པ་ཚང་མས་རྒྱལ་ཁབ་ཀྱི་བདག་པོའི་ངོས་ནས་རང་ཉིད་ཀྱི་ངལ་རྩོལ་ལ་ལྟ་སྟངས་འཛིན་དགོས། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་འགྲན་བསྡུར་དར་སྤེལ་གཏོང་བ་དང་། ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་བྱ་དགའ་སྤྲོད་ཀྱི་ཡོད། རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱིས་འོས་འགན་ངལ་རྩོལ་བྱེད་པ་དར་སྤེལ་གཏོང་གི་ཡོད།

    རྒྱལ་ཁབ་ཀྱིས་ལས་ཞུགས་མ་བྱས་གོང་གི་སྤྱི་དམངས་ལ་དགོས་ངེས་ཀྱི་ངལ་རྩོལ་ལས་ཞུགས་སྦྱོང་བརྡར་བྱེད་ཀྱི་ཡོད།

    ★ ངལ་རྩོལ་པར་ངལ་གསོ་རྒྱག་པའི་དབང་ཆ་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་པར་ངལ་གསོ་རྒྱག་པའི་དབང་ཆ་ཡོད།

    རྒྱལ་ཁབ་ཀྱིས་ངལ་རྩོལ་པའི་ངལ་གསོ་དང་ངལ་གསོའི་སྒྲིག་བཀོད་ལེགས་སུ་གཏོང་གི་ཡོད་པ་དང་། ལས་བཟོའི་ལས་ཀའི་དུས་ཚོད་དང་འཁོར་ཞག་ལམ་ལུགས་གཏན་འབེབས་བྱེད་ཀྱི་ཡོད།

    ★ སྤྱི་དམངས་ལ་སློབ་གསོ་ཐོབ་པའི་དབང་ཆ་དང་འོས་འགན་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སློབ་གསོ་ཐོབ་པའི་དབང་ཆ་དང་འོས་འགན་ཡོད།

    རྒྱལ་ཁབ་ཀྱིས་གཞོན་ནུ་དང་། ལོ་ཆུང་། བྱིས་པ་བཅས་ལ་ཀུན་སྤྱོད་དང་། ཤེས་རིག གཟུགས་གཞི་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་གསོ་སྐྱོང་བྱེད་ཀྱི་ཡོད།

    ★ གཉེན་སྒྲིག་དང་ཁྱིམ་ཚང་སོགས་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་ཀྱི་ཡོད།

    གཉེན་སྒྲིག་དང་། ཁྱིམ་ཚང་། མ་བུ་བཅས་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་ཀྱི་ཡོད།

    ཁྱོ་ཤུག་གཉིས་ཀར་འཆར་ལྡན་བུ་བཙའ་ལག་ལེན་བསྟར་བའི་འོས་འགན་ཡོད།

    ཕ་མར་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གསོ་སྐྱོང་དང་སློབ་གསོ་གཏོང་བའི་འོས་འགན་ཡོད་པ་དང་། དར་མ་ཚོར་བུ་ཕྲུག་ལ་ཕ་མར་བསྙེན་བཀུར་དང་རོགས་སྐྱོར་བྱེད་པའི་འོས་འགན་ཡོད།

    གཉེན་སྒྲིག་རང་དབང་ལ་གཏོར་བཤིག་གཏོང་མི་ཆོག་པ་དང་། རྒན་རྒོན་དང་། བུད་མེད། བྱིས་པ་བཅས་ལ་མནར་གཅོད་གཏོང་མི་ཆོག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།