དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • གཉེན་སྒྲིག་ལག་ཁྱེར་ལེན་པར་ཐེམ་ཐོ་མི་དགོས་པའི་སྐོར་གྱི་དྲི་བ་7ལ་གཞུང་ཕྱོགས་ནས་ལན་བཏབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-20

    ཟླ་5ཚེས་10ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ལག་བསྟར་བྱེད་འགོ་ཚུགས་ཤིང་། དེའི་ནང་གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་ཀུན་སྒྲུབ”མངོན་འགྱུར་བྱུང་བ་དང་གཉེན་སྒྲིག་ཐོ་འགོད་བྱེད་པར་ཐེམ་ཐོ་འཁྱེར་མི་དགོས་པ་སོགས་ཀྱི་གཏན་འབེབས་གསར་པ་བཏོན་པས་སྤྱི་དམངས་ཀྱིས་གཉེན་སྒྲིག་ཐོ་འགོད་བྱེད་པར་སྟབས་བདེ་བསྐྲུན་ཡོད་པ་རེད། ཉེ་ཆར་དམངས་སྲིད་པུས《གཉེན་སྒྲིག་ཐོ་འགོད་ལས་དོན་ཚད་གཞི》བཀྲམ་པ་དང་འབྲེལ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་པ་རེད།

    གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་ཀུན་སྒྲུབ”ཀྱི་ཞིབ་ཕྲའི་བདག་སྤྲོད་ཁྱབ་ཁོངས་གང་ཡིན་ནམ།

    ཕྱོགས་གཉིས་ཀ་ནང་སའི་ཡུལ་མི་ཡིན་ན་གཉེན་སྒྲིག་ཐོ་འགོད་དང་། བཟའ་ཚང་ཁ་བྲལ་གྱི་ཐོ་འགོད། གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་ལེན་བཅས་ཚང་མ་རྒྱལ་ཡོངས་ཀུན་སྒྲུབ་ཀྱི་ཁྱབ་ཁོངས་སུ་གཏོགས།

    ཕྱོགས་གཅིག་ནི་ནང་སའི་ཡུལ་མི་ཡིན་པ་དང་། གཅིག་ཤོས་དེ་ཕྱི་རྒྱལ་བ་དང་ཀང་ཨའོ་ཐའེ་གསུམ་གྱི་ཡུལ་མིའམ་ཕྱིར་སྡོད་རང་མི་ཡིན་ན་གཉེན་སྒྲིག་ཐོ་འགོད་དང་། བཟའ་ཚང་ཁ་བྲལ་གྱི་ཐོ་འགོད། གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་ལེན་བཅས་ཀྱང“རྒྱལ་ཡོངས་ཀུན་སྒྲུབ”ཀྱི་བདག་སྤྲོད་ཁྱབ་ཁོངས་སུ་གཏོགས་པས། གཉེན་སྒྲིག་ཐོ་འགོད་བྱེད་དབང་ཡོད་པའི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་གང་རུང་དུ་སྒྲུབ་ཆོག

    དོ་བདག་གིས་ད་དུང་སྔོན་ལ་དཔྱད་ཡིག་གང་དག་གྲ་སྒྲིག་བྱེད་དགོས་སམ།

    གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་ཀུན་སྒྲུབ”མངོན་འགྱུར་བྱུང་རྗེས་ནང་སའི་ཡུལ་མིས་གཉེན་སྒྲིག་ཐོ་འགོད་རེ་ཞུ་བྱེད་སྐབས། ཕོ་མོ་ཕྱོགས་གཉིས་ཀྱིས་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁོ་ན་འཁྱེར་ན་ཆོག་པ་དང་། རང་ཉིད་ལ་བཟའ་ཟླ་མེད་པ་དང་དེ་བཞིན་རང་ཉིད་དང་ཕར་ཕྱོགས་དབར་ཐད་ཀའི་ཁྲག་རྒྱུད་གཉེན་ཚན་མིན་པ་དང་མི་རབས་གསུམ་ནང་ཚུན་དུ་རྒྱུད་འབྲེལ་ཁྲག་རྒྱུད་གཉེན་ཚན་གྱི་འབྲེལ་བ་མེད་པའི་མིང་རྟགས་བཀོད་ནས་གསལ་བསྒྲགས་བྱས་ན་ཆོག་པ་ལས་ཐེམ་ཐོ་འཁྱེར་མི་དགོས།

    ལག་ཁྱེར་ཆ་ཚང་པོ་དང་། དཔྱད་ཡིག་ཡང་དག་པ། ཞིབ་བཤེར་གཅིག་མཐུན་བཅས་བྱུང་བའི་རྨང་གཞིའི་ཐོག་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཕྱོགས་གཉིས་པོར་གཉེན་སྒྲིག་ཐོ་འགོད་བྱེད་ཀྱི་ཡོད།

    “རྒྱལ་ཡོངས་ཀུན་སྒྲུབ”མངོན་འགྱུར་བྱུང་རྗེས་བཟའ་ཚང་ཁ་བྲལ་གྱི་རེ་ཞུ་དང་བཟའ་ཚང་ཁ་བྲལ་གྱི་ཐོ་འགོད་དེ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་མི་འདྲ་བར་གཉེར་ཆོག་གམ།

    གཉེར་མི་ཆོག་སྟེ། ཕྱོགས་གཉིས་པོས་བཟའ་ཚང་ཁ་བྲལ་གྱི་རེ་ཞུ་བྱེད་སྐབས་འགན་དབང་ཡོད་པའི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་གང་རུང་ལ་རེ་ཞུ་བྱེད་ཆོག བཟའ་ཚང་ཁ་བྲལ་གྱི་ཐོ་འགོད(བཟའ་ཚང་ཁ་བྲལ་གྱི་ལག་ཁྱེར་ལེན་པ)ལྷུ་ཚིགས་དང་བཟའ་ཚང་ཁ་བྲལ་གྱི་རེ་ཞུ་ནི་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་གཅིག་ཡིན་དགོས། དོ་བདག་གིས་བཟའ་ཚང་ཁ་བྲལ་གྱི་ཐོ་འགོད(བཟའ་ཚང་ཁ་བྲལ་གྱི་ལག་ཁྱེར་ལེན་པ)བྱེད་སྐབས། བཟའ་ཚང་ཁ་བྲལ་གྱི་རེ་ཞུ་དང་ལེན་བྱེད་མཁན་གཉེན་སྒྲིག་ཐོ་འགོད་ལས་ཁུངས་དེ་རང་ལ་སྐྱོད་དགོས།

    དོ་བདག་གིས་གཉེན་སྒྲིག་ཐོ་འགོད་བདེ་བླག་ཡོང་ཆེད། ད་དུང་ཅི་ཞིག་ལ་དོ་སྣང་བྱེད་དགོས་སམ།

    གལ་ཏེ་དོ་བདག་གིས་གསལ་བསྒྲགས་བྱས་པའི་གཉེན་སྒྲིག་གནས་ཚུལ་དང་ཐོབ་ཐང་སྐོར་གྱི་ཆ་འཕྲིན་དེ་དག་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པའི་ཆ་འཕྲིན་དང་གཅིག་མཚུངས་མིན་ན། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་ར་སྤྲོད་ཡིག་ཆ་སྐྱེལ་དགོས།

    གལ་ཏེ་གཉེན་སྒྲིག་གི་གནས་ཚུལ་ནི“བཟའ་ཚང་ཁ་བྲལ”ཞེས་གསལ་བསྒྲགས་བྱས་ན། ཁྲིམས་ཁང་གི་གོ་ཆོད་ཁྲིམས་འཛིན་ཡིག་ཆ་དང་། ཁྲིམས་ཁང་ནས་སྤྲད་པའི་བཟའ་ཚང་ཁ་བྲལ་གྱི་དཔང་ཡིག་གམ་བཟའ་ཚང་ཁ་བྲལ་ལག་ཁྱེར་སོགས་མཁོ་འདོན་བྱེད་དགོས།

    གལ་ཏེ་གཉེན་སྒྲིག་གི་གནས་ཚུལ་ནི“བཟའ་ཟླ་འདས་པ”ཞེས་གསལ་བསྒྲགས་བྱས་ན། བཟའ་ཟླ་འདས་པོའི་གསོ་རིག་དཔང་ཡིག(བརྡར་གཅོད)དང་གཉེན་སྒྲིག་ལག་ཁྱེར་སོགས་མཁོ་འདོན་བྱེད་དགོས།

    གལ་ཏེ་ཐོབ་ཐང་ཆ་འཕྲིན་དང་ཞིབ་བཤེར་ཆ་འཕྲིན་གཅིག་མཚུངས་མིན་ན། དེ་མཚུངས་ཀྱི་དཔྱད་གཞི་མཁོ་འདོན་བྱས་ནས་ར་སྤྲོད་བྱེད་དགོས།

    《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》གི་དོན་ཚན་ཉེར་གསུམ་པའི་གཏན་འབེབས་ལྟར་ན། དོ་བདག་གིས་བསྐྱལ་བའི་ལག་ཁྱེར་དང་དཔྱད་ཡིག་གི་དོན་དངོས་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ་འགན་འཁུར་དགོས་པ་དང་། ལག་ཁྱེར་རམ་ཡང་ན་དཔྱད་ཡིག་རྫུན་མ་བསྐྱལ་ན་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས་ལ། འབྲེལ་ཡོད་ཆ་འཕྲིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཡིད་རྟོན་ཟིན་ཐོར་འཇུག་པ་མ་ཟད། རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ནང་དུ་ཡང་འཇུག་གི་ཡོད།

    དོ་བདག་གི་གཉེན་སྒྲིག་ལག་ཁྱེར་བོར་བརླག་སོང་ནས་གཉེན་སྒྲིག་ལག་ཁྱེར་གསབ་ལེན་བྱེད་སྐབས་ལེན་སྟངས་དེ་སྔོན་དང་གཅིག་པ་ཡིན་ནམ།

    གཉེན་སྒྲིག་ཐོ་འགོད་ཡིག་ཚགས་མཁོ་འདོན་བྱེད་སྟངས་ལ་འགྱུར་ལྡོག་ངེས་ཅན་ཡོད། གཉེན་སྒྲིག་ལག་ཁྱེར་གསབ་ལེན་རེ་ཞུ་བྱེད་སྐབས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་ཆེད་སྤྱོད་གཞུང་ཐམ་བརྒྱབ་པའི་ཤོག་ཐོག་གི་གཉེན་སྒྲིག་ཐོ་འགོད་ཡིག་ཚགས་མཁོ་འདོན་བྱེད་དགོས།

    གལ་ཏེ་དོ་བདག་ལ་ཤོག་ཐོག་གི་ཡིག་ཚགས་རག་མེད་པ་མ་ཟད། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ས་ཆ་གཞན་ནས་དོ་བདག་གི་གཉེན་སྒྲིག་ཐོ་འགོད་ཀྱི་གློག་རྡུལ་ཡིག་ཚགས་སྐོང་འཐེན་བྱེད་ཆོག་རིགས། རེ་ཞུ་བྱེད་པ་བརྒྱུད་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ས་གནས་གཞན་ནས་ཡིག་ཚགས་སྐོང་འཐེན་གྱི་ཞབས་ཞུ་སྒྲུབ་ཆོག

    གལ་ཏེ་ཡིག་ཚགས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་ཐབས་བྲལ་བར། དེ་སྔའི་གཉེན་སྒྲིག་ཐོ་འགོད་བྱེད་སའི་ལས་ཁུངས་སམ་ཡང་ན་གཉེན་སྒྲིག་ཐོ་འགོད་ཀྱི་ཡིག་ཚགས་ཉར་ཚགས་བྱེད་མཁན་སྡེ་ཚན་ལ་བློ་འདྲི་བྱེད་དགོས། གཉེན་སྒྲིག་ཐོ་འགོད་ཡིག་ཚགས་ཀྱི་ར་སྤྲོད་དཔྱད་ཡིག་རག་རྗེས། གཞི་ནས་ལག་ཁྱེར་གསབ་ལེན་བྱེད་ཆོག

    ཕྱི་རྒྱལ་བ་དང་ཀང་ཨའོ་ཐའེ་གསུམ་གྱི་ཡུལ་མི།  ཕྱིར་སྡོད་རང་མི་བཅས་ཀྱིས་གཉེན་སྒྲིག་ཐོ་འགོད་ཇི་ལྟར་བྱེད་དགོས་སམ།

    གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་ཀུན་སྒྲུབ”མངོན་འགྱུར་བྱུང་རྗེས་ཕྱོགས་གཅིག་ནི་ནང་སའི་ཡུལ་མི་ཡིན་པ་དང་། གཅིག་ཤོས་ནི་ཕྱི་རྒྱལ་བ་དང་། ཀང་ཨའོ་ཐའེ་གསུམ་གྱི་ཡུལ་མིའམ་ཕྱིར་སྡོད་རང་མི་བཅས་ཀྱིས་གཉེན་སྒྲིག་ཐོ་འགོད་དང་། བཟའ་ཚང་ཁ་བྲལ་གྱི་ཐོ་འགོད། གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་ལེན་བཅས་བྱེད་པར་གཉེན་སྒྲིག་ཐོ་འགོད་བྱེད་དབང་ཡོད་པའི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་གང་རུང་དུ་གཉེར་ཆོག་པ་ལས། ནང་སའི་ཡུལ་མི་ཕྱོགས་གཅིག་གི་ཐེམ་ཐོ་གནས་ཡུལ་གྱི་ཚོད་འཛིན་ཕོག་གི་མེད།

    དོ་སྣང་བྱེད་དགོས་པ་ཞིག་ནི། ཕྱོགས་གཅིག་ནི་ཕྱི་རྒྱལ་བ་དང་། གཅིག་ཤོས་ནི་ཀང་ཨའོ་ཐའེ་གསུམ་གྱི་ཡུལ་མིའམ་ཕྱིར་སྡོད་རང་མི་དང་ཡང་ན་ཕྱོགས་གཉིས་ཀ་ཀང་ཨའོ་ཐའེ་གསུམ་གྱི་ཡུལ་མིའམ་ཕྱིར་སྡོད་རང་མི་ཡིན་ན། ལས་ཀ་བྱ་ཡུལ་ལམ་འཚོ་བ་སྐྱེལ་སའི་གཉེན་སྒྲིག་ཐོ་འགོད་བྱེད་དབང་ཡོད་པའི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་བསྐྱོད་ནས་གཉེར་ཆོག

    དོ་བདག་ཕྱོགས་གཉིས་ཀ་དེ་སྔོན་ནང་སའི་ཡུལ་མི་ཡིན་པ་མ་ཟད་ནང་སར་གཉེན་སྒྲིག་ཐོ་འགོད་བྱས་པ་དང་། ད་ལྟ་ཤང་ཀང་དུ་བསྡད་ནས་ཐོབ་ཐང་ལ་འགྱུར་ལྡོག་བྱུང་བའི་གནས་ཚུལ་འདི་རིགས་ས་ཆ་གང་ནས་གཉེན་སྒྲིག་ལག་ཁྱེར་གསབ་ལེན་བྱེད་དགོས་སམ།

    གལ་ཏེ་ཕྱོགས་གཅིག་ནི་ནང་སའི་ཡུལ་མི་ནས་ཕྱི་རྒྱལ་བ་དང་། ཀང་ཨའོ་ཐའེ་གསུམ་གྱི་ཡུལ་མིའམ་ཕྱིར་སྡོད་རང་མིར་གྱུར་ཚེ། ཕྱོགས་གཉིས་པོས་གཉེན་སྒྲིག་ཐོ་འགོད་བྱེད་དབང་ཡོད་པའི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་གང་རུང་ནས་གསབ་ལེན་རེ་ཞུ་བྱེད་ཆོག

    གལ་ཏེ་ཕྱོགས་གཅིག་ཕྱི་རྒྱལ་བར་གྱུར་པ་དང་། གཅིག་ཤོས་དེ་ཀང་ཨའོ་ཐའེ་གསུམ་གྱི་ཡུལ་མིའམ་ཕྱིར་སྡོད་རང་མིར་གྱུར་པའམ་ཡང་ན། ཕྱོགས་གཉིས་ཀ་ཀང་ཨའོ་ཐའེ་གསུམ་གྱི་ཡུལ་མིའམ་ཕྱིར་སྡོད་རང་མིར་གྱུར་རིགས། དེ་སྔའི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་དང་། ལས་ཀ་བྱ་ཡུལ་ལམ་འཚོ་བ་སྐྱེལ་སའི་འབྲེལ་ཡོད་གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གཉེར་དབང་ཡོད་པའི་ལས་ཁུངས་སུ་བསྐྱོད་ནས་གསབ་ལེན་རེ་ཞུ་བྱེད་ཆོག

    གལ་ཏེ་ཕྱོགས་གཉིས་ཀ་ཕྱི་རྒྱལ་བར་གྱུར་ཚེ་གཉེན་སྒྲིག་ཐོ་འགོད་ཡིག་ཚགས་སྐོང་འཐེན་བྱས་ཆོག་མོད། འོན་ཀྱང་གཉེན་སྒྲིག་ལག་ཁྱེར་གསབ་ལེན་བྱེད་ཆོག་གི་མེད།

    དོ་སྣང་བྱེད་དགོས་པ་ཞིག་ནི། ཐོབ་ཐང་ལ་འགྱུར་བ་བྱུང་བའི་དོ་བདག་གིས་གཉེན་སྒྲིག་ཐོ་འགོད་ལག་ཁྱེར་གསབ་ལེན་བྱེད་པའི་རྒྱུན་གཏན་གྱི་དཔྱད་ཡིག་མཁོ་འདོན་བྱེད་པ་ཕུད། ད་དུང་ཐོབ་ཐང་སྔོན་མ་དང་རྗེས་མ་མི་གཅིག་ཡིན་པའི་དཔང་རྟགས་སམ་ཡང་ན་གཞུང་དཔང་གསལ་བསྒྲགས་མཁོ་འདོན་བྱེད་དགོས། དཔང་རྟགས་སམ་གཞུང་དཔང་གསལ་བསྒྲགས་དེ་འབྲི་བའི་བླང་བྱའི་སྐོར་ལ་གཉེན་སྒྲིག་ཐོ་འགོད་བྱེད་དབང་ཡོད་པའི་ལས་ཁུངས་ལ་ཞིབ་ཕྲའི་བློ་འདྲི་བྱེད་ཆོག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།