ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་ཀུན་སྒྲུབ”ཐུབ་པ།
འདི་ནི་མག་པ་དང་མནའ་མས་གཉེན་སྒྲིག་ཐོ་འགོད་བྱེད་བཞིན་པ།
ཟླ་5ཚེས་10ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ་དང་བསྟུན་ནས་གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་ཀུན་སྒྲུབ”ཐུབ་ཡོད། ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་ཅུས་ཀྱིས་སྲིད་ཇུས་དང་ལེན་ཧུར་ཐག་ཞུས་ནས་འབྲེལ་ཡོད་ལས་དོན་དོན་འཁྱོལ་མགྱོགས་མྱུར་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གྲོང་མི་དང་དེ་བཞིན་ས་ཆ་གཞན་ནས་བོད་དུ་ཡོང་མཁན་ལ་དེ་བས་སྟབས་བདེ་བའི་གཉེན་སྒྲིག་ཐོ་འགོད་ཀྱི་ཞབས་འདེགས་ཞུས་ཡོད།
གྲོང་མི་ཤེ་ལགས་དང་ཨ་ཅག་ལི་ལགས་ནི་སློབ་ཆེན་གྱི་སློབ་གྲོགས་ཡིན་པ་དང་། ཁོང་གཉིས་སློབ་ཆེན་ཐོན་རྗེས་ལྷ་སར་ལས་ཀ་བྱེད་པར་ཡོང་རྒྱུའི་ཁ་ཆད་བྱས་ཤིང་། ཕན་ཚུན་དགའ་པོ་བྱས་ནས་ལོ་ལྔ་སོང་ཡོད། ཨ་ཅག་ལི་ལགས་ཀྱིས“ང་གཉིས་ཀྱི་ཐེམ་ཁོངས་ཀན་སུའུ་ནས་ཡིན། དེ་རིང་ནས་འགོ་ཚུགས་ཏེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་ཀུན་སྒྲུབ”ཐུབ་པ་ཤེས་བྱུང་བས། ཆེད་མངགས་ཐོབ་ཐང་ལག་ཁྱེར་སོགས་འབྲེལ་ཡོད་དཔྱད་ཡིག་ཁྱེར་ནས་ཐོ་འགོད་པར་ཡོང་བ་ཡིན”ཞེས་གསར་འགོད་པར་བརྗོད་ཀྱི་འདུག “དེ་སྔོན་གཉེན་སྒྲིག་བྱེད་སྐབས་སྤྱིར་བཏང་གི་གནས་ཚུལ་འོག་མག་པ་གསར་པ་དང་མནའ་མ་གསར་པས་ཐེམ་ཐོ་ཁྱེར་ནས་ཐེམ་ཐོ་གནས་ཡུལ་དུ་ཐོ་འགོད་བྱེད་དགོས་ཀྱི་ཡོད། དེ་རིང་ནས་བཟུང་གཉེན་སྒྲིག་བྱེད་པར་ཐེམ་ཐོ་མི་དགོས་པར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ‘ཀུན་སྒྲུབ’ཐུབ་ཀྱི་འདུག”ཅེས་ཐོ་འགོད་མཁན་གྱིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། མག་པ་གསར་པ་དང་མནའ་མ་གསར་པས་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་། རང་ཉིད་ལ་བཟའ་ཟླ་མེད་པ་དང་དེ་བཞིན་ཕར་ཕྱོགས་དང་ཐད་ཀའི་ཁྲག་རྒྱུད་གཉེན་ཚན་མིན་པ་དང་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་ཁྲག་རྒྱུད་གཉེན་ཚན་འབྲེལ་བ་མེད་པའི་མིང་འགོད་གསལ་བསྒྲགས་དང་འདྲ་པར་མཁོ་འདོན་བྱེད་དགོས་ཀྱི་ཡོད། དེ་རྗེས་རེའུ་མིག་འགོད་པ་དང་དེ་ནས་ཐོ་འགོད་པས་དྲ་སྦྲེལ་ཞིབ་བཤེར་ར་སྤྲོད་བྱས་ན་འགྲིག་པ་དང་། བརྒྱུད་རིམ་ཧྲིལ་པོར་སྐར་མ་10ཙམ་ལས་འགོར་གྱི་མེད་ཅེས་བརྗོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་ཀུན་སྒྲུབ”ཐུབ་པ་དེས་གཉེན་སྒྲིག་ཐོ་འགོད་དོ་བདག་གི་ཐེམ་ཐོའི་ཚོད་འཛིན་མེད་པར་བཟོས་པས་ཐེམ་ཐོ་མཁོ་འདོན་བྱེད་དགོས་ཀྱི་མེད་པ་རེད།