བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས།
ས་ཡོམ་རོགས་སྐྱོབ་ཀྱི་ནང་སྦྱོང་བྱས་པ།
འདི་ནི་མེ་ཟོན་རུ་མིས“གཅིག་རེ་བཅུའི”ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་བཞིན་པ།
འདི་ནི་མི་དང་ཁྱིས་ཕན་ཚུན་གཞོགས་འདེགས་ཀྱི་ནང་སྦྱོང་བྱེད་བཞིན་པ།
འདི་ནི་མེ་ཟོན་རུ་མིས་སྒྲིག་ཆས་ཞིབ་བཤེར་གྱི་ནང་སྦྱོང་བྱེད་བཞིན་པ།
ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་ས་ཡོམ་རོགས་སྐྱོབ་ཀྱི་ཕྱིར་འཁྲིད་ནང་སྦྱོང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་དཔུང་ཁག་གི་འཕྲལ་སྡོམ་བརྡ་ལན་ཞུ་ནུས་དང་། སྒྲིག་ཆས་ཁུར་ནས་སྐྱོད་ནུས། མཐུན་སྦྱོར་དམག་འཐབ་རྒྱག་ནུས་བཅས་ལ་གཙོ་གནད་དུ་བརྟག་བཤེར་བྱས་ཏེ་ལས་འགན་བྱུང་ཚེ“འཕྲལ་མར་ཐོན་ཏེ་ནུས་ཆེའི་སྒོ་ནས་རོགས་སྐྱོབ་ཐུབ་པའི”འགན་ལེན་བྱས་ཡོད།
འདུ་འཛོམས་བྱེད་དགོས་པའི་ཤུ་སྒྲ་གྲགས་མ་ཐག རུ་མི་ཡོངས་ཀྱིས་འཕྲལ་མར་སྔོན་ཇུས་བཞིན་མི་སྒེར་གྱི་འགོག་སྲུང་གྱོན་ཆས་གྱོན་ལ་རོགས་སྐྱོབ་ཀྱི་སྒྲིག་ཆས་གྲ་སྒྲིག་ཀྱང་བྱས་ཤིང་། བཀོད་འཐབ་པས་གཟབ་ནན་ངང་རུ་མི་རེ་རེའི་དམག་འཐབ་ཁན་སྦྱར་ཡག་པོ་གྱོན་ཡོད་མེད་ཞིབ་བཤེར་ནན་པོ་བྱས་ནས“གཅིག་རེ་བཅུ”དང་མི་སྒེར་གྱི་འགོག་སྲུང་གྱོན་ཆས་སོགས་འགག་རྩའི་དངོས་ཟོག་དང་། ས་ཡོམ་གྱི་རོགས་སྐྱོབ་སྒྲིག་ཆས། རོགས་སྐྱོབ་ཚོགས་ཆུང་སོ་སོའི་སྒྲིག་ཆས་སྐྱོན་ཤོར་ཡོད་མེད་བཅས་ལ་རེ་རེ་བཞིན་ཞིབ་བཤེར་བྱས་པ་དང་ཆབས་ཅིག་མདུན་མཆོངས་ཚོགས་ཆུང་གི་འཚོལ་ཁྱིའི་སྦྱོང་བརྡར་བས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་འཚོལ་ཁྱི་རླངས་འཁོར་ནང་ཁྲིད་དེ་མི་དང་ཁྱི་མཉམ་དུ་རོགས་སྐྱོབ་བྱ་བར་འཕྲལ་དུ་ཞུགས་ཐུབ་པར་བྱས་ཡོད།
ད་རེས་ཀྱི་ཕྱིར་འཁྲིད་ནང་སྦྱོང་གིས་དངོས་འཐབ་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དཔུང་ཁག་གིས་ས་མཐོའི་ཁོར་ཡུག་ཁྲོད་འཕྲལ་མར་བརྡ་ལན་ཞུ་བ་དང་། སྒྲིག་ཆས་སྤྱོད་པ། ཚོགས་པའི་མཐུན་སྦྱོར་ལས་སྒྲུབ་བཅས་ཀྱི་ནུས་པར་གཙོ་གནད་དུ་བརྟག་བཤེར་བྱས་ཤིང་། ཕྱིར་འཁྲིད་ནང་སྦྱོང་མཇུག་འགྲིལ་རྗེས། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་རུ་འབྲིང་དང་པོས་བསྐྱར་དྲན་དཔྱད་བསྡུར་བྱས་ཏེ་སྒྲིག་ཆས་འཁུར་བ་དང་། འཕྲིན་གཏོང་འབྲེལ་གཏུག་བྱེད་པ། མི་དང་ཁྱི་དབར་གྱི་གཞོགས་འདེགས་སོགས་ལྷུ་ཚིགས་ལ་ལྷགས་པའི་ཀྱི་གནད་དོན་ལ་དམིགས་ནས་ཕྱོགས་སྡོམ་བྱས་ཏེ་ལེགས་སུ་བཏང་ཡོད།
བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་རུ་འབྲིང་དང་པོའི་འབྲེལ་ཡོད་འགན་འཁུར་བས། ཐོག་མཐའ་བར་གསུམ་དུ“གནོད་འཚེའི་དོན་རྐྱེན་སྣ་ཚོགས་ལ་འཕྲལ་དུ་བརྡ་ལན་ཤུགས་ཆེན་ཞུ་བའི”ལས་འགན་གྱི་དགོས་མཁོར་དམ་པོ་དམིགས་ནས་དངོས་འཐབ་ཅན་གྱི་ནང་སྦྱོང་ལ་མུ་མཐུད་ཤུགས་བརྒྱབ་སྟེ་གནོད་འཚེ་བྱུང་ཚེ། ནུས་ཆེའི་སྒོ་ནས་ཁ་གཏད་གཅོག་ཐུབ་པའི་འགན་ལེན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་ཀྱི་ཡིན་ཞེས་བཤད།