ལྷ་སའི་སྡེ་ཚན་མང་པོས་མཉམ་དུ་འགྲིམ་འགྲུལ་སྒྲིག་ལམ་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།
འདི་ནི་མི་དམངས་ཉེན་རྟོག་པ་ཞིག་གིས་བདེ་འཇགས་སྲུང་ཞྭ་མ་གྱོན་པའི་སྦག་སྦག་གཏོང་མཁན་ལ་སློབ་གསོ་རྒྱག་པ་དང་ཉེས་ཆད་གཅོད་བཞིན་པ།
སྔར་བས་བདེ་འཇགས་དང་གོ་རིམ་ལྡན་པའི་སྤྱི་པའི་འགྲིམ་འགྲུལ་གཉེར་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་གཞུང་ལམ་སྐྱེལ་འདྲེན་ཁྲོམ་ར་གཉེར་སྐྱོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་ཆེད། དེ་རིང་ནས་འགོ་བཙུགས་ཏེ་2025ལོའི་ཟླ་8ཚེས་20ཉིན་བར་ལྷ་ས་གྲོང་ཁྱེར་གྱི་སྡེ་ཚན་མང་པོས་མཉམ་དུ“ཕྱོགས་བསྡུས་འགྲིམ་འགྲུལ་སྒྲིག་ལམ་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད”སྤེལ་ཏེ་སྤྱི་པའི་འགྲིམ་འགྲུལ་གཉེར་སྐྱོང་གི་རྣམ་པ་ཟང་ཟིང་ལ་གཙོ་གནད་དུ་རྡུང་རྡེག་བཏང་ནས་གྲོང་མི་བདེ་འཇགས་ངང་ཕྱིར་བསྐྱོད་པར་འགན་ལེན་བྱ་རྒྱུ་རེད།
ཐེར་འདོན་ཁ་པར། 0891—6324629
ཉེ་ཆར། ལྷ་ས་གྲོང་ཁུལ་དུ་རླངས་འཁོར་ཕར་འགྲོ་ཚུར་འོང་གིས་འགྲུལ་བཞུད་བྲེལ་ཟིང་ཤིན་ཏུ་ཆེ་ནའང་། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ལམ་མདོར་བསྡད་དེ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་བྱེད་བཞིན་པ་གསར་འགོད་པར་མཐོང་བྱུང་།
“ཕྱོགས་བསྡུས་འགྲིམ་འགྲུལ་སྒྲིག་ལམ་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད”སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱི་སྡེ་ཚན་མང་པོས་མཉམ་དུ་བྱ་སྤྱོད་སྤེལ་ནས“ནག་འཁོར”གྱིས་འགྲུལ་པ་བླུགས་པ་དང་། དྲ་འབོད་གླ་འཁོར་ལས་སྟེགས་ཀྱིས“ནག་འཁོར”རྒྱ་ཡན་ཏུ་གཏོང་བ། ལག་ཁྱེར་རྫུན་མའམ་གོ་མི་ཆོད་པའི་ལག་ཁྱེར་འཁྱེར་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་པ། དུས་ཡུན་རིང་པོར“དགའ་ཉེ་སྤུན་མཆེད་དང་། སློབ་མ་སྐྱེལ་བསུ་བྱེད་པར”ཁ་གཡར་ཏེ་ངོ་བོ་འགྱུར་ནས་རླངས་འཁོར་གཙང་གླས་བྱེད་པ། ལག་ཁྱེར་མེད་པའི་རླངས་འཁོར་བཏང་ནས་ཡུལ་སྐོར་བ་བསུ་བ། བོགས་གཏོང་ཀུང་སིས་ལྐོག་ཏུ་སྐྱེལ་འདྲེན་ཚོང་གཉེར་བྱེད་པ། བདལ་གཏོང་རླངས་འཁོར་གྱིས་མི་མི་བླུག་པ། ལམ་སྐོར་བའམ་ཡང་ན་རིན་རྩིའི་འཕྲུལ་ཆས་མི་སྤྱོད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་ཁྲིམས་དང་མི་མཐུན་པར་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གནས་སྐབས་བཙན་ཉར་བྱ་རྒྱུ་དང་། ཁྲིམས་ལས་འགལ་ནས་བྱུང་བའི་དངུལ་ཚང་མ་གཞུང་བཞེས་གཏོང་རྒྱུ། བྱ་བ་དེ་རིགས་དང་འབྲེལ་བ་ཡོད་མཁན་ཁེ་ལས་དང་མི་སྒེར་ལ་ཉེས་པ་ལྕི་ཤོས་ལ་ཆོག་འཐུས་ལག་ཁྱེར་རྩིས་མེད་གཏོང་རྒྱུ་མ་ཟད་དངུལ་ཆད་མཐོ་ཤོས་ཀྱི་ཆད་པ་གཅོད་རྒྱུ། ཁྲིམས་སྒྱུར་བའི་ཞིབ་བཤེར་བྱ་བར་གཞོགས་འདེགས་མི་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་བདེ་འཇགས་བཅོས་སྐྱོང་གི་ཆད་པ་གཅོད་རྒྱུ། ཉེས་པ་བསགས་རིགས་ཁྲིམས་འཛིན་ལས་ཁུངས་ལ་བསྐྱལ་ནས་ཉེས་དོན་འགན་འཁྲི་རྩད་གཅོད་རྒྱུ་བཅས་ཡིན་པ་གསར་འགོད་པར་ཤེས་རྟོགས་བྱུང་།