དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི“ཉམས་ཞན་སེལ་བའི”ཐབས་ལམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-13

    འདི་ནི་ཁྲིམས་ཁང་ལས་བྱེད་ཉེན་རྟོག་པས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་བཞིན་པ།

    2024ལོའི་ཟླ་2པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་སུ་ཅུང་ཉམས་ཞན་གྱི་གཞི་རིམ་ཁྲིམས་ཁང་106གཏན་འཁེལ་བྱས་པ་དང་། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་མིང་ཐོའི་ནང་ཡོད་པ་རེད།

    ▶ ཅི་ཞིག་ལ་ཉམས་ཞན་ཁྲིམས་ཁང་ཟེར།

    ཉམས་ཞན་ཁྲིམས་ཁང་ཞེས་པ་ནི་ཁྱོན་ཡོངས་ཀྱི་ལས་དོན་ཅུང་ཉམས་ཞན་དང་། ས་ཁུལ་དེ་གའི་ཕྱོགས་བསྡུས་དཔྱད་ཞིབ་ནང་དུས་ཡུན་རིང་པོར་རྗེས་ལུས་ཐེབས་པ། རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དུས་ཐུང་ནང་འགྱུར་ལྡོག་གཏོང་དཀའ་བ། གོང་རིམ་ཁྲིམས་ཁང་གིས་གཙོ་གནད་ཐོག་རོགས་སྐྱོར་དང་མཛུབ་ཁྲིད་བྱེད་དགོས་པ་བཅས་ཀྱི་གཞི་རིམ་ཁྲིམས་ཁང་ལ་ཟེར།

    ▶ གང་གི་ཐད“ཉམས་ཞན”ཡོད་དམ།

    རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཞན་པ་དང་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་མི་འདང་བ་དང་། གྱོད་དོན་ཞིབ་གཅོད་ཀྱི་དུས་ཡུན་ལ་ཚོད་འཛིན་ནན་པོ་མེད་པ་དང་གྱོད་དོན་ཐག་གཅོད་ཀྱི་བསྡུར་ཚད་དམའ་བ། མི་སྣའི་གྲུབ་ཚུལ་ལུགས་མཐུན་མེད་པ་དང་ལས་བྱེད་ཉེན་རྟོག་པའི་ཆེད་ལས་འཇོན་ཐང་ཞན་པ་སོགས་ཡིན།

    “ཉམས་ཞན་སེལ་བའི”གདོང་མཆོང་དུང་བརྡ་སྒྲོག་ཆེད། མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་བཀོད་སྒྲིག་ཞིབ་ཚགས་བྱས་ནས་གནད་དོན་འཚོལ་ཞིབ་གནད་འཁེལ་བྱེད་པ་དང་། ཆབ་སྲིད་འཛུགས་སྐྱོང་དང་། འདྲི་གཅོད་ལས་སྒོ། དཔུང་ཁག་གི་འཇོན་ཐང་། འགན་སྲུང་ཆུ་ཚད་སོགས་འགག་རྩའི་ཁྱབ་ཁོངས་ལ་དམ་པོར་དམིགས་པ། གནད་དོན་ལ་ཐད་ཀར་ཁ་གཏད་འཇལ་བ་དང་ཐབས་ཇུས་གནད་སྨིན་ལག་བསྟར་བྱེད་པ། ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ཕན་ནུས་ཆེ་རུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། “ཉམས་ཞན”ནས“ཉམས་ཞན་སེལ་བའི”བར་རིམ་གྱིས་མངོན་འགྱུར་བྱུང་ཡོད།

    ཆབ་སྲིད་ཀྱིས་སྣེ་ཁྲིད་བྱས་ནས་ཁ་ལོ་བརྟན་པོར་བསྒྱུར་བ།

    “ཉམས་ཞན་སེལ་བའི”ལས་དོན་སྤེལ་བ་ནས་བཟུང་། མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་སྟེ། ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ལ་བརྟེན་ནས་ཆབ་སྲིད་སློབ་སྦྱོང་དེ“ཉམས་ཞན་སེལ་བའི”ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཆབ་སྲིད་འཛུགས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས“ཉམས་ཞན་སེལ་བའི”འགག་སྒྲོལ་ལ་བསམ་བློའི་རྨང་གཞི་བརྟན་པོ་བཏིང་བ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ཡང་དག་བྱས་ཡོད།

    ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཀྱིས་འདྲི་གཅོད་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་ལ་མཐུན་རྐྱེན་སྦྱར་ཞིང་། མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས“ཏང་འཛུགས་སྐྱོང་དང་འདྲི་གཅོད”ཟུང་འབྲེལ་གྱི་ལས་ཀའི་རྣམ་པ་ཁྱབ་སྤེལ་ཤུགས་ཆེན་བཏང་བ་དང་ཏང་ཡོན་གྱི་གདོང་ལེན་ལས་གནས་དང་ཏང་ཡོན་གྱི་འགན་འཁྲིའི་ཁུལ་བཙུགས་ཏེ། ཏང་ཡོན་ལས་བྱེད་ཉེན་རྟོག་པས་འདྲི་གཅོད་ལག་བསྟར་ལས་དོན་ཁྲོད་ཐོབ་ཐང་མངོན་པ་དང་། གདོང་ལེན་བརྩོན་ལེན། མིག་དཔེ་ཡག་པོ་སྟོན་པ་བཅས་ལ་ཁྲིད་སྟོན་བྱས་པ་དང་། དཀའ་ངལ་དང་རྙོག་འཛིང་ཆེ་བའི་གྱོད་གཞི་སྒྲུབ་གཉེར་ལ་སྣེ་ཁྲིད་བྱས་ཏེ། ཏང་ཡོན་ལས་བྱེད་ཉེན་རྟོག་པའི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱས་ནས་ཁྲིམས་ཁང་ཡོངས་ཀྱི་འདྲི་གཅོད་སྤུས་ཚད་དང་ཕན་འབྲས་ཆེས་ཆེར་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།

    2024ལོར་མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་ལྗོངས་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང་ལ་བདམས་པ་དང་། རྫོང་ཡོངས་ཀྱི་ཕྱོགས་བསྡུས་དམིགས་ཚད་དཔྱད་ཞིབ་ཁྲོད“ཕུལ་བྱུང”གི་རིམ་པར་སླེབས་ཡོད།

    གཙོ་ལས་ལ་དམིགས་ཏེ་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།

    ཀུན་ཆེ་གེ་མོ་དང་ཁྱིམ་མཚེས་གྲོང་ཚོའི་སྐལ་ཆེ་གེ་མོ་གཉིས་གཉེན་སྒྲིག་མ་བྱས་པར་ཕྲུ་གུ་བཙས་པ་དང་། སྐལ་ཆེ་གེ་མོ་སླར་ཡང་གཉེན་སྒྲིག་བྱས་རྗེས་ཀུན་ཆེ་གེ་མོ་མ་བུ་གཉིས་ལ་ལྟ་རྟོག་ཅི་ཡང་བྱས་མེད། རང་ཉིད་གཅིག་པུས་ཕྲུ་གུ་གསོ་སྐྱོང་བྱེད་དགོས་པའི་དབང་གིས་ཀུན་ཆེ་གེ་མོའི་འཚོ་བ་དཀའ་གནས་སུ་གྱར་ཞིང་། བཅའ་ཁྲིམས་ཀྱི་འདུ་ཤེས་མེད་པའི་དབང་གིས་ཁོ་མོས་ཁེ་དབང་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ་ཡང་མ་ཤེས།

    “མཚོ་ཆེན་འདུམ་འགྲིག་ཚོགས་པས”ཁྲིམས་ལུགས་ཁྱབ་གདལ་དང་འདྲི་རྟོག་བྱེད་སྐབས། ཀུན་ཆེ་གེ་མོའི་གནས་ཚུལ་ཤེས་རྗེས། མྱུར་དུ་ཁྲིམས་ལུགས་དང་གནས་ལུགས་གཉིས་ཀྱི་ཐད་ནས་ཁོ་མོར་ངང་རྒྱུད་རིང་པོས་ཁ་ཏ་བྱས་པས། མཐར་སྐལ་ཆེ་གེ་མོས་གསོ་སྐྱོང་གི་འགན་འཁྲི་འཁུར་རྒྱུའི་མོས་མཐུན་བྱས། གསོ་སྐྱོང་གྲོན་དངུལ་གྱི་ཞིབ་ཕྲའི་དངུལ་གྲངས་དང་གཏོང་སྤྲོད་བྱེད་སྟངས་ཐད་ཀྱི་རྩོད་གླེང་ཐད། འདུམ་འགྲིག་ཚོགས་པས་ས་གནས་དེ་གའི་འཚོ་བའི་མ་གནས་དང་། སློབ་གསོའི་གྲོན་དངུལ་གྱི་ཚད་གཞི། དེ་བཞིན་ཀུན་ཆེ་གེ་མོའི་དཔལ་འབྱོར་གནས་ཚུལ་བཅས་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་གཉིས་དབར་འདུམ་འགྲིག་ཡོང་ཐབས་བྱས་པ་རེད།

    གྲུབ་འབྲས་ཐོབ་པའི་འདུམ་འགྲིག་གི་གྱོད་དཔེ་དེ་ནི“མཚོ་ཆེན་འདུམ་འགྲིག་ཚོགས་པའི”ལས་དོན་གྱི་བསྡུས་རིས་ཤིག་རེད་ལ། 2024ལོར་མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་བསྡོམས་གྱོད་གཞི་ཁག་223བདག་སྤྲོད་བྱས་པ་དང་གྱོད་གཞི་215ཡི་ཞིབ་གཅོད(ལག་བསྟར)མཇུག་བསྒྲིལ་ཡོད།

    རྩ་སྲ་རྨང་བརྟན་ལ་བརྟེན་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་བཏོད་པ།

    “ཉམས་ཞན་སེལ་བའི”ལས་དོན་སྤེལ་ཚུན་མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་འགོ་ཁྲིད་ཚན་ཁག་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་སྟེ། མི་སྣའི་གྲུབ་ཆ་ལེགས་སུ་གཏོང་བ་དང་། ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་མཉམ་ལས་ཟབ་ཏུ་གཏོང་བ་དང་ཁྲིམས་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས“ཉམས་ཞན་སེལ་བའི”གཙོ་གནད་དུ་བརྩིས་ནས། ཁྲིམས་ཁང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    ཕྱོགས་མང་པོར་འབྲེལ་གཏུག་དང་མཐུན་སྦྱོར་བྱས་པ་བརྒྱུད། ཆབ་སྲིད་པུའི་ཀྲུའུ་རེན་1བཀོད་སྒྲིག་དང་ཏང་ཙུའི་ཁོངས་མི་2ཁ་གསབ་བྱས་ཤིང་། མི་རིགས་ཀྱི་གྲུབ་ཆ་དོ་སྙོམས་སུ་བཏང་བ་མ་ཟད། ཚན་པའི་ཁོངས་མིའི་ཆ་སྙོམས་ལོ་ཚད་ཀྱང་ཆུང་དུ་བཏང་བ་་དང་། ཏང་ཚོགས་ཆུང་གི་ཚོཌ་འདུ་ཐེངས་13འཚོགས་ཏེ་ལས་དོན་ཁག་61ལ་ཞིབ་འཇུག་བྱས་ནས་ཐབས་ཇུས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

    ལོ་ཧྲིལ་པོར་ས་གནས་ས་ཐོག་གི་གསོ་སྦྱོང་ཐེངས་17དང་། དྲ་ཐོག་གི་གསོ་སྦྱོང་ཐེངས་14 བཅའ་ཁྲིམས་ཀྱི་འཆད་ཁྲིད་ཆེ་མོ་ཐེངས་38བཅས་སྒྲིག་འཛུགས་བྱས་པར། རིམ་རྩིས་བརྒྱབ་ན་མི་ཐེངས་400ལྷག་ཙམ་སྦྱོང་བརྡར་ནང་ཞུགས་ནས་ལས་བྱེད་ཉེན་རྟོག་པའི་ཆེད་ལས་ནུས་པ་ཆེ་རུ་བཏང་ཡོད།

    རྨང་གཞི་བརྟན་དུ་དང་སྤུས་ཚད་མཐོ་རུ་བཏང་ནས་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ།

    བོད་ས་མཐོའི་མཐིལ་དུ་ཆགས་པའི་མཚོ་ཆེན་རྫོང་གི་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་ཡོད་ཅིང་། གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་གནམ་གཤིས་སྐམ་ཤས་ཆེ་བས། དཔེ་མཚོན་གྱི་ས་བབ་མཐོ་བའི་དཀའ་ཚེགས་ཆེ་ཁུལ་ཞིག་རེད།

    དཀའ་ངལ་གྱི་མདུན་དུ་མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་རྨང་གཞིའི་འགན་སྲུང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ཆ་འཕྲིན་ཅན་གྱི་སྒྲིག་བཀོད་རིམ་སྤོར་བྱས་ནས་རིག་ལྡན་ཁྲིམས་ཁང་འཛུགས་སྐྲུན་བྱས་ཤིང་། མ་དངུལ་སྒོར་ཁྲི་161བཏང་ནས་ཚན་རྩལ་ཁྲིམས་ཁང་གི་རྒྱང་ཁྲིད་འདྲི་ཞིབ་དང་། སྐད་བརྡ་ངོས་འཛིན། དྲ་སྦྲེལ་ཁྲིམས་ཁང་སོགས་རིག་ལྡན་ནུས་པ་རིམ་སྤོར་བྱས་པ་དང་། སྒོར་ཁྲི་86བཏང་ནས་རིག་ལྡན་ཡིག་ཚགས་ཁང་བསྐྲུན་ཏེ་ཡིག་ཚགས་དོ་དམ་ཆ་འཕྲིན་ཅན་ལ་སྐུལ་འདེད་བཏང་ཡོད། གཞན་ཡང་སྒོར་ཁྲི་88བཏང་ནས་ལག་བསྟར་བཀོད་འདོམས་ལྟེ་གནས་སྒྱུར་བཀོད་བྱས་པ་དང་འབྲེལ་བཀོད་འདོམས་མ་ལག་བཙུགས་པས། འདྲི་གཅོད་ལག་བསྟར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཆ་འཕྲིན་ཅན་གྱི་དོ་དམ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    དམངས་ཕན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཐད་མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་སྒོར་ཁྲི་360ལྷག་ཙམ་བཏང་ནས་གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཀྱི་ཐོག་ཁང་གསར་དུ་སྐྲུན་འགོ་བཙུགས་པ་མ་ཟད། ན་ནིང་གི་ཟླ་10པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཟིན་པ་དང་། དེའི་རྗེས་སུ་མུ་མཐུད་སྒོར་ཁྲི་200ལྷག་ཙམ་བཏང་ནས་གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་གྱི་ནུས་པ་ལེགས་སུ་གཏོང་བ་དང་། མཉམ་འདྲེས་རྣམ་པའི་ཁྲིམས་ཁང་མང་དུ་གཏོང་བ། ཚད་གཞི་མཐོ་བའི“གཅིག་འཐུས་རྣམ་པའི”གཏུག་བཤེར་ཞབས་ཞུའི་ལྟེ་གནས་སྐྲུན་པ་བཅས་བྱས་ནས། མང་ཚོགས་ཚོས“སྒྲུབ་ཐེངས་གཅིག་རང་ལ་ཡག་པོ་སྒྲུབ་པའི”སྟབས་བདེའི་ཁྲིམས་འཛིན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།

    “ཉམས་ཞན་སེལ་བའི”ལམ་བུ་ནི་ཕུལ་བྱུང་དོན་གཉེར་བྱེད་པ་དང་ནམ་ཡང་མཚམས་མི་འཇོག་པའི་ལམ་བུ་ཞིག་ཡིན་པས། “ཉམས་ཞན་སེལ་བ”ནི་མཇུག་རྫོགས་པ་མིན་པར་འགོ་གསར་པ་ཞིག་བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།