དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མང་ཚོགས་བློ་ཡིད་ཚིམ་ཚད་90%ཟིན་པ།

    —— “12348བོད་ཀྱི་ཁྲིམས་འཛིན་དྲ་བས་ཁྱེད་ཀྱི་དོན་དག་ཐག་གཅོད་བྱེད”ཅེས་པའི་སྐད་འཕྲིན་བཅའ་ཁྲིམས་ཀྱི་ཞབས་ཞུའི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-13

    འདི་ནི་མང་ཚོགས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་བློ་འདྲི་བྱེད་བཞིན་པ།

    “སྔོན་མ་བཅའ་ཁྲིམས་ཀྱི་གནད་དོན་འཕྲད་སྐབས། གང་དུ་བློ་འདྲི་བྱེད་དགོས་མིན་ཤེས་ཀྱི་མེད། ད་ཆ་ཁྲིམས་འཛིན་གྱི་སྐད་འཕྲིན་སྟེགས་བུ་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་ཡེ་ཤེས་ལེགས་ལྡན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད། ཉེ་ཆར། ཁོང་ལ་ངལ་རྩོལ་གྱི་རྙོག་དྲ་ཞིག་འཕྲད་པ་དང་། “12348བོད་ཀྱི་ཁྲིམས་འཛིན་དྲ་བས་ཁྱེད་ཀྱི་དོན་དག་ཐག་གཅོད་བྱེད”ཅེས་པའི་སྐད་འཕྲིན་བརྒྱུད་ཁ་པར་བརྒྱབ་ནས་བློ་འདྲི་བྱས་པས། ཆེད་ལས་ཁྲིམས་རྩོད་པས་ལན་གསལ་པོ་བརྒྱབ་པ་དང་གྲོས་འགོ་ཡང་བཏོན་པས། ཁོང་གི་སེམས་ལྷོད་དུ་བབས།

    སྐད་འཕྲིན་དེ་2024ལོའི་ཟླ་12པའི་ཟླ་མཇུག་ཏུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ཤིང་། དེ་ནི་རང་སྐྱོང་ལྗོངས་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྲངས་གཞི་ཅན་ཕྱོགས་སྒྱུར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན། སྐད་འཕྲིན་སྟེགས་བུ་དེ་ཉིད་སྤྱོད་འགོ་ཚུགས་པར་བརྟེན་མང་ཚོགས་ཚོས་ཁྱིམ་ནས་དོན་མི་དགོས་པར་སྟབས་བདེ་དང་། ནུས་ཆེ། སྤུས་ལེགས་བཅས་ཀྱི་བཅའ་ཁྲིམས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།

    བོད་རང་སྐྱོང་ལྗོངས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་བསོད་ནམས་ཆོས་འཕེལ་གྱིས“རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་དམངས་དོན་རྩོད་གཞི་ཡིན་ནའང་འདྲ། ཡང་ན་ལས་ཀ་དང་འབྲེལ་བ་ཡོད་པའི་ངལ་རྩོལ་ཁེ་དབང་འགན་སྲུང་དང་གན་རྒྱ་འཇོག་རྒྱུ་དང་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་གང་ཡིན་རུང་། ཚང་མར་ཆེད་ལས་ཀྱི་བཅའ་ཁྲིམས་མཛུབ་ཁྲིད་དང་རོགས་རམ་མཁོ་གི་ཡོད། སྐད་འཕྲིན་སྟེགས་བུས་གོང་གསལ་གྱི་དགོས་མཁོ་དེ་དག་བསྐངས་ཡོད་ལ། མང་ཚོགས་ལ་དུས་ཐོག་ཏུ་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་ཐུབ”ཅེས་ངོ་སྤྲོད་བྱས།

    གྲངས་གཞི་ལས་མངོན་པར། “12348བོད་ཀྱི་ཁྲིམས་འཛིན་དྲ་བས་ཁྱེད་ཀྱི་དོན་དག་ཐག་གཅོད་བྱེད”ཅེས་པ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ཚུན། མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲི་ཐེངས་700ལྷག་ཙམ་ལ་ལན་བཏབ་ཡོད། བློ་འདྲིའི་ཐད་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་དང་། རྒྱུ་ནོར་ཤུལ་འཛིན། ཁྱིམ་མཚེས་དབར་གྱི་འགལ་ཟླ་སོགས་དམངས་དོན་རྩོད་གཞི་དང་དེ་བཞིན་ཞིང་འབྲོག་ལས་མིའི་ངལ་རྩོལ་ཁེ་དབང་འགན་སྲུང་དང་གན་རྒྱ་འཇོག་པ་དང་ལག་བསྟར་སོགས་ཀྱི་གནད་དོན་ཡིན་ཞིང་། མང་ཚོགས་བློ་ཡིད་ཚིམ་ཚད་90%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།