དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཚོང་གཉེར་གྱི་ཁྲིམས་སྐྱོང་སྤུས་རྟགས་གཏོད། འཕེལ་རྒྱས་ཀྱི་འདེགས་སྐྱོར་བརྟན་པོ་བྱེད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་སྤུས་ཚད་མཐོ་བའི་ཞབས་འདེགས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་འགན་སྲུང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-30

    2024ལོར་བོད་ཀྱི་ཚོང་དོན་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཧྥུའུ་ཆུན་དང་ཁྲིམས་ཁང་དབར་འབྲེལ་གཏུག་ཡང་ཡང་བྱས་པའི་དབང་གིས་ཁྲིམས་ཁང་གི་ལག་བསྟར་ལས་དོན་སྐོར་ཐད་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་བ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་དུ་བོད་ཀྱི་ཚོང་དོན་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གི་ལག་བསྟར་གྱོད་གཞི་གཉིས་ཡོད་པ་དང་གཉིས་ཀ་ཉོ་ཚོང་གན་རྒྱའི་རྩོད་གཞི་ཡིན་པ་དང་ལག་བསྟར་དམིགས་རྟེན་ཁྱོན་བསྡོམས་སྒོར་976892.40ཟིན་ཡོད། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་གཏུག་ཐོབ་པའི་དཔྱད་ཁྲ་བཏང་རྗེས། ཕ་རོལ་པོས་གོ་ཆོད་བཅའ་ཁྲིམས་ཡིག་ཆ་དུས་ཡུན་རིང་པོར་ལག་ལེན་བསྟར་མེད་པ་མ་ཟད། ཕ་རོལ་པོར་ལག་བསྟར་བྱེད་དགོས་པའི་རེ་བ་ཐེངས་མང་བཏོན་ཡང་འབྲས་བུ་མ་ཐོན་པས། མཐར་ཀུང་སིས་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ལ་བཙན་ཐབས་ལག་བསྟར་བྱེད་པའི་རེ་འདུན་མི་ཞུ་དཀའ་མེད་བྱུང་བ་རེད།

    མྱུར་ཚད་མགྱོགས་ཤོས་དང་ལས་ཕྱོད་ཆེ་ཤོས་ཀྱི་ཐོག་ནས་ཞུ་གཏུག་གི་རྒྱལ་ཁ་ཐོབ་པའི་དོ་བདག་ལ་དངུལ་སྨར་རག་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་མཐོང་ཆེན་བྱས་ཏེ་བོད་ལྗོངས་ཚོང་དོན་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གི་ལག་བསྟར་གྱོད་གཞི་གཉིས་སྒྲུབ་སྐབས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཚོམས་ཆེན་གྱི་ལས་དོན་པས་འཕྲལ་མར་སྣེ་ལེན་བྱས་པ་དང་དུས་ཐོག་ཏུ་གྱོད་དོན་ཐོ་འགོད་བྱས་པ་རེད། ལག་བསྟར་ཁྲིམས་དཔོན་ལ་གྱོད་གཞི་ཁག་བགོས་བྱས་རྗེས་ལག་བསྟར་ཁྲིམས་དཔོན་གྱིས་དུས་ཐོག་ཏུ་ཀུང་སི་དང་ལག་བསྟར་བྱ་ཡུལ་དབར་ངང་རྒྱུད་རིང་པོས་འབྲེལ་གཏུག་བྱས་ཏེ“གྱོད་གཞི་མང་ཡང་ལས་མི་ཉུང་བའི”དཀའ་ངལ་ཁྱད་བསད་བྱས་པ་དང་། རང་འགུལ་ངང་ཕྱོགས་གཉིས་ཀྱི་དོ་བདག་ལ་བསམ་བློའི་སློབ་གསོ་ཧུར་ཐག་བརྒྱབ་སྟེ་ལག་བསྟར་བྱ་ཡུལ་གྱིས་འོས་འགན་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ་རེད། ལག་བསྟར་མི་སྣའི་འབད་བརྩོན་འོག་ཀུང་སི་དེའི་གྱོད་གཞི་གཉིས་ཀྱི་ཁྲི་97ལྷག་ཙམ་ནས་ད་ཆ་སྒོར་ཁྲི་55ཙམ་བར་ལག་ལེན་བསྟར་ཟིན་པ་རེད།

    ཀྲང་ཧྥུའུ་ཆུན་གྱིས“དངུལ་ཆ་ཚང་སྤྲོད་ཐུབ་མེད་ཀྱང་ལག་བསྟར་མི་སྣས་ནུས་ཤུགས་ཡོད་རྒུས་མི་སྣར་བརྟག་དཔྱད་དང་དངོས་པོ་བཙལ་ཏེ་ལག་བསྟར་བྱེད་ཐབས་ཚང་མ་སྤྱད་ཡོད་པས་བུན་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འགན་འཁྲི་གཙང་སྒྲུབ་བྱས་ཡོད”ཅེས་བཤད།

    ཀུང་སི་དེའི་ལག་བསྟར་གྱོད་གཞི་སྒྲུབ་གཉེར་ནང་ཞུགས་པའི་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གི་ལག་བསྟར་ལས་བྱེད་པ་དང་ཉེན་རྟོག་པས“མི་སེར་ལ་ཞུ་གཏུག་གི་རྒྱལ་ཁ་ཐོབ་ཀྱང་དངུལ་མ་རག་པའི་གནས་ཚུལ་མ་ཐོན་ཆེད། ང་ཚོས་སྒྲུབ་དགོས་པའི་ལས་ཀ་མཐའ་འཁྱོལ་པ་བྱས་ནས་དོ་བདག་ལ་དངུལ་ཚང་མ་རག་པར་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བཤད།

    གྱོད་དོན་དེ་གཉིས་ལག་བསྟར་བྱེད་པའི་བརྒྱུད་རིམ་དངོས་སུ་བརྒྱུད་པའི་ཀྲང་ཧྥུའུ་ཆུན་གྱིས་བོད་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལའང་ངོས་འཛིན་གསར་པ་བྱུང་བ་རེད།

    ཀྲང་ཧྥུའུ་ཆུན་གྱིས“བོད་དུ་ཚོང་གཉེར་བྱེད་པའི་དམངས་གཉེར་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཕྱོགས་གང་ཅིའི་ཐད་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་མཐོང་ཆེན་བྱེད་ཀྱི་ཡོད་པ་ཚོར་བྱུང་། མཉམ་འགུལ་སྡེ་ཚན་ཁག་གིས་ཁྲིམས་ཁང་གི་འབྲེལ་ཡོད་དོན་དག་ཐག་གཅོད་བྱེད་པར་རོགས་རམ་ཧུར་ཐག་བྱས་ཏེ་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་འབྲེལ་མཐུད་བྱས་ནས་ལག་བསྟར་གྱི་མ་གནས་གྲོན་ཆུང་བྱས་ན། གཞི་ནས་ཁྲིམས་ཁང་གི་ལས་ཀའི་སྤུས་ཕན་ཆེ་རུ་ཏན་ཏིག་ཕྱིན་ནས་ཞུ་གཏུག་གི་རྒྱལ་ཁ་ཐོབ་པའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་མིག་མཐོང་ལག་ཟིན་གྱི་དངུལ་སྨར་ལ་འགྱུར་ཐུབ”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།