ཐུགས་རྗེའི་གོས་དར་ཕུལ། དྲིན་གསོའི་སེམས་པ་མཚོན།
གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིང་པ་ལས་མིའི་གླ་ཆ་ལེན་རོགས་བྱས་པའི་སྐོར་གྱི་གཏམ་རྒྱུད།
འདི་ནི་འཛོམས་ཆེ་གེ་མོ་བཟའ་ཚོས(གཡས་ཀྱི་གཉིས་པ་དང་གཡས་ཀྱི་བཞི་པ)ཐུགས་རྗེ་ཆེ་ཞུ་ཞེས་བྲིས་པའི་གོས་དར་འབུལ་བཞིན་པ།
ཉེ་དུས་ཞིང་པ་ལས་མི་འཛོམས་ཆེ་གེ་མོ་བཟའ་ཚོས་དྲིན་ཚོར་གྱི་སེམས་པ་འཆང་བཞིན“ཞིབ་དཔྱོད་ཀྱི་ཐོག་མའི་བསམ་འདུན་མཐའ་མཚམས་མི་དམངས་ལ་ཕྱོགས། གླ་ཆ་ལེན་རོགས་བྱས་ནས་ཁུར་ལེན་ལྷག་པར་མངོན”ཞེས་བྲིས་པའི་གོས་དར་ཞིག་འཁྱེར་ནས་གྲོ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་ལག་ཏུ་སྤྲད། དེ་ནི་འཛོམས་ཆེ་གེ་མོས་ཞིབ་དཔྱོད་དཔོན་གྱི་རོགས་རམ་འོག འགྱངས་ཆད་གླ་ཆ་ལེན་རོགས་བྱེད་ཐེངས་གཉིས་པ་རེད།
2024ལོར་གླ་ཆ་ལེན་རོགས་བྱེད་སྐབས་ཀྱི་སྐོར་གླེང་སྐབས་འཛོམས་ཆེ་གེ་མོ་བཟའ་ཚོ་སེམས་འགུལ་ཆེན་པོ་ཐེབས། སྐབས་དེ་དུས་ཞིབ་དཔྱོད་དཔོན་གྱིས་དཀའ་ངལ་ལ་མ་འཛེམས་པར་གྲོང་ཚོར་ཐེངས་ལྔ་ཕེབས་ཏེ་ཉིན་མཚན་དབྱེར་མེད་འབད་འཐབ་བྱས་པ་བརྒྱུད། གྲོང་མི་60ཡི་འགྱངས་ཆད་གླ་ཆ་སྒོར་ཁྲི་23.58རེ་རེ་བཞིན་གསལ་པོ་བཟོས་པ་རེད། དེ་རྗེས་ཁོང་ཚོས་འབྲེལ་ཡོད་འགན་འཁྲི་ཕྱོགས་དང་མཉམ་དུ་སྤེལ་རེས་དང་མཐུན་སྦྱོར་ཧུར་ཐག་བྱས་རྗེས། ཆེད་ལས་བཅའ་ཁྲིམས་ཀྱི་བྱེད་ཐབས་བརྒྱུད་ཞིང་པ་ལས་མིར་རོགས་རམ་བྱས་ཏེ་མཐར་འགྱངས་ཆད་གླ་ཆ་འདེད་ལེན་ཐུབ་ཅིང་། ཁོང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།
འདི་ལོའི་ཟླ་4པར། གཞི་རིམ་དུ་བཅའ་འདྲི་བྱེད་རིང་། འཛོམས་ཆེ་གེ་མོས་སླར་ཡང་ཞིབ་དཔྱོད་དཔོན་དེ་བཙལ་ནས་ཐབས་ཟད་འུ་ཐུག་ངང“ཞིབ་དཔྱོད་དཔོན་ལགས། ང་ལ་ད་དུང་གླ་ཆ་རག་མ་བྱུང”ཞེས་ཞུས། འཛོམས་ཆེ་གེ་མོས་རྣམ་གྲངས་ཞིག་ལ་གླ་པ་བྱེད་སྐབས་འགན་འཁུར་མཁན་སྦྱིན་བདག་གིས་སྤྱིའི་འགན་འཁུར་མཁན་གྱིས་མ་དངུལ་མ་སྤྲད་པར་ཁ་གཡར་ནས་ད་བར་གླ་ཆ་སྤྲད་མེད། ཁོ་མོའི་ལག་ནང་རང་ཉིད་ཀྱིས་བྲིས་པའི་གླ་པ་རྒྱུག་པའི་ཟིན་ཐོ་ལས་གཞན་དཔང་རྟགས་གང་ཡང་མེད་པ་རེད།
ངལ་རྩོལ་གྱི་གླ་ཆ་འདེད་ལེན་གྱི་གྱོད་གཞིའི་ཁྲོད་དཔང་རྟགས་ཆ་ཚང་པོ་མེད་པ་དེ་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་ལམ་བུའི་ཐོག་གི་འགོག་རྐྱེན་ཆེན་པོ་ཞིག་རེད། འཛོམས་ཆེ་གེ་མོ་ཕྱོགས་རྐྱང་པའི་ཟིན་བཀོད་དཔང་རྟགས་དེ་ལས་ཞིབ་དཔྱོད་དཔོན་ཚོའི་སེམས་ནང་དེ་ནི་ཧ་ཅང་སྒྲུབ་དཀའ་བའི་བྱ་བ་ཞིག་ཡིན་པ་གསལ་པོར་རྟོགས་མོད། འོན་ཀྱང་ཁོང་ཚོས་ཕྱིར་བཤོལ་སྤུ་ཙམ་མ་བྱས་པར་བློ་རྩ་བརྟན་པོས་དཔང་རྟགས་འཚོལ་བའི་ལས་དོན་སྒྲུབ་འགོ་བརྩམས།
དཔང་རྟགས་ཁུངས་བཙན་ཡོང་ཆེད། ཞིབ་དཔྱོད་དཔོན་གྱིས་འགན་འཁུར་མཁན་སྦྱིན་བདག་དང་འབྲེལ་བ་བྱས་ཏེ་ཁོ་པར་གླ་པ་རྒྱུག་པའི་ཐོ་འགོད་ཡང་དག་ཅིག་སྟོན་པ་མ་ཟད། ཁྲིམས་ལུགས་དང་གནས་ལུགས་གཉིས་ཀྱི་ཐོག་ནས་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས། དེ་ཉིན་སྦྱིན་བདག་གིས་འགྱངས་ཆད་གླ་ཆ་གྲངས་ཚང་འཛོམས་ཆེ་གེ་མོར་སྤྲད་པས་གླ་ཆ་འདེད་ལེན་ལས་དོན་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད་པ་རེད།