ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གློག་སྒུལ་རྐང་འཁོར་གྱི་མེ་གསོད་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《གློག་སྒུལ་རྐང་འཁོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་བྱ་སྤྱོད་ཇུས་གཞི》རྒྱུན་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གློག་སྒུལ་རྐང་འཁོར་འཇོག་ས་དང་གློག་གསོག་གི་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མེ་སྐྱོན་གྱི་ཉེན་ཁ་མཐའ་གཅིག་ཏུ་མེད་པར་བཟོ་བ། གློག་སྒུལ་རྐང་འཁོར་ལ་མེ་འབར་ནས་མེ་སྐྱོན་གྱི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་ཁག་འཆད་ཁྲིད་ཚོགས་པའི་ཁོངས་མི་མངའ་ཁོངས་ཀྱི་ཐོག་བརྩེགས་སྡོད་ཁང་དང་། སྡེ་ཁུལ་རྙིང་པ། མི་སྣ་འདུ་འཛོམས་ཆེ་ས། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་སོགས་སུ་བསྐྱོད་དེ་སྒྲིག་ཁྲིམས་ལས་འགལ་ཏེ་གློག་སྒུལ་རྐང་འཁོར་འཇོག་པ་དང་གློག་གསོག་པ་སོགས་ཀྱི་བྱེད་སྤྱོད་ལ་དམིགས་ནས་ཉེན་བརྡའི་སློབ་གསོ་དང་དྲིལ་བསྒྲགས་སློབ་གསོའི་གསོ་སྦྱོང་བྱེད་སྒོ་དུས་ཐེངས་བཅུ་གསུམ་པ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་ཁག་འཆད་ཁྲིད་ཚོགས་པའི་ཁོངས་མི་ཁྲོམ་གཞུང་དང་སྲང་ལམ་དུ་བསྐྱོད་ནས《གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་ཉེན་ཁའི་དྲན་སྐུལ》དང་ཟུང་འབྲེལ་བྱས་ཏེ་སྡེ་ཁུལ་གྱི་གྲོང་མི་དང་། སྡེ་ཚན་དང་ས་གནས་ཀྱི་འགན་འཁུར་བ། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་གི་ཚོང་པ་བཅས་ལ་དྲིལ་བསྒྲགས་བྱས་པ་དང་། དེ་གར་ཡོད་པའི་འབྲེལ་ཡོད་མི་སྣས་སྤྱི་རྟགས་བཤེར་ནས་པར་རིས་ལ་ལྟ་རྒྱུར་ཁྲིད་སྟོན་བྱས་ཏེ། སྒྲིག་ཁྲིམས་ལས་འགལ་ཏེ་གློག་སྒུལ་རྐང་འཁོར་འཇོག་པ་དང་། གློག་གསོག་པ། བཟོ་བཅོས་རྒྱག་པ་བཅས་ཀྱི་བྱེད་སྤྱོད་ལས་བྱུང་བའི་མེ་སྐྱོན་དོན་རྐྱེན་གྱི་གནོད་འཚེ་གསལ་བཤད་བྱས་པ་རེད།