དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཞིག་གི་ཁ་གཅུས་པས་དྲ་གྲོགས་ཀྱིས་ཐེར་འདོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-29

    ཉེ་ཆར། དྲ་གྲོགས་ཤིག་གིས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ། ཟོག་འདྲེན་རླངས་འཁོར་དཀར་པོ་ཞིག་གིས་ཡ་ཡེ་མྱུར་བགྲོད་གཞུང་ལམ་དུ་ཁ་གཅུས་སོང་བས་ཉེན་ཁ་ཧ་ཅང་ཆེན་པོ་འདུག་ཅེས་ཐེར་འདོན་བྱས།

    ཁུངས་སྣེ་འབྱོར་རྗེས། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་མྱུར་དུ་བརྟག་དཔྱད་བྱས་ཤིང་། གྲལ་བཤེར་འདེམས་སྒྲུག་དང་བསྡུར་བ་བྱས་པ་བརྒྱུད་མཐར་འཁོར་རྟགས་བོད་D0***7ཡིན་པའི་ཟོག་འདྲེན་རླངས་འཁོར་དཀར་པོ་ཞིག་གཏན་འཁེལ་བྱུང་ཞིང་། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་དོ་བདག་དེ་རུ་ཆེན་དུ་ཐག་གཅོད་དང་ལེན་བྱེད་པར་འབོད་པ་རེད། རླངས་འཁོར་དེའི་ཁ་ལོ་བས་ཉིན་དེར་མྱུར་བགྲོད་གཞུང་ལམ་དུ་ལྡོག་སྐྱོད་བྱས་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྦས་གསང་མེད་པར་ངོས་ལེན་ཞུས་པ་མ་ཟད“ཛ་དྲག་གི་དོན་དག་ཅིག་ཡོད་པས། ལམ་ནོར་ཤོར་བ་ཤེས་འཕྲལ་ལྡོག་སྐྱོད་བྱེད་རྩིས་བྱས་པ་ཡིན”ཞེས་བརྗོད།

    མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ཁོ་པར་ཁྲིམས་ལྟར་དངུལ་ཆད་སྒོར་200བཅད་པ་དང་ལག་ཁྱེར་ནས་སྐར་མ་12འཐེན་པ་མ་ཟད། དེའི་ཁ་ལོ་བའི་ལག་ཁྱེར་ཡང་བཀག་ཉར་བྱས་པ་རེད། དེ་དང་ཆབས་ཅིག་ཁོ་པར་སྐྱོན་བརྗོད་དང་སློབ་གསོ་ནན་པོ་བརྒྱབ་ནས་མྱུར་བགྲོད་གཞུང་ལམ་དུ་ཐོན་སྒོ་ནོར་སྐབས་ཇི་ལྟར་བྱེད་དགོས་ཚུལ་སྐོར་འགྲེལ་བཤད་བརྒྱབ་པ་རེད།

    གཞིས་རྩེ་འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན། མྱུར་བགྲོད་གཞུང་ལམ་དུ་ཁ་ཕྱིར་བསྐོར་བ་དང་ལྡོག་སྐྱོད་བྱེད་པ་ནི་འགྲིམ་འགྲུལ་ཁྲིམས་འགལ་ཚབས་ཆེན་ཡིན་ལ། དེས་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་སླ་བ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་ལྡན་པས། ཕྱིར་སྐྱོད་སྐབས་སྔོན་ལ་འཆར་འགོད་ལམ་ཐིག་ཕྱོགས་སྟོན་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་ལྟ་ཞིབ་བྱེད་དགོས། མྱུར་བགྲོད་ཐོན་སྒོ་ནོར་བ་ཤེས་རྗེས་དངངས་སྐྲག་བྱེད་མི་ཉན་ལ། ལམ་སེང་རླངས་འཁོར་ཁ་བཀག་ནས་ཇེ་དལ་དུ་གཏོང་མི་རུང་། མྱུར་ཚད་རྒྱུན་འཁྱོངས་བྱས་ནས་མུ་མཐུད་མདུན་དུ་སྐྱོད་དགོས་པ་ལས། མྱུར་བགྲོད་གཞུང་ལམ་དུ་ཁ་ཕྱིར་བསྐོར་ནས་ལྡོག་སྐྱོད་གཏན་ནས་བྱེད་མི་རུང་། ཐོན་སྒོ་ཐག་ཉེ་ཤོས་བཙལ་ཏེ་མྱུར་བགྲོད་གཞུང་ལམ་ནས་ཐོན་རྗེས་དམིགས་སར་ཕྱིར་ལོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།