འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་ལྟར་ལས་སྒྲུབ་ལ་འགོག་རྐྱེན་བཟོ་མཁན་གྱི་སྐྱེས་པ་ཞིག་ཉིན་7བཀག་ཉར་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཉེན་དོན་ལྟ་བཤེར་སྡེ་ཚན་དང་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་དང་མཉམ་དུ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས་ཁྲིམས་ལྟར་ལས་སྒྲུབ་ལ་འགོག་རྐྱེན་བཟོས་པའི་ཁྲིམས་འགལ་བྱེད་སྤྱོད་ཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
ཉིན་དེར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ལས་སྒྲུབ་མི་སྣས་ཆིང་ཏའོ་ལམ་དུ་ཆང་བཏུངས་འཁོར་གཏོང་གི་དོགས་གཞི་ཡོད་པའི་འཁོར་གསུམ་སྦག་སྦག་གི་ཁ་ལོ་བ་ཞིག་ལ་བརྟག་དཔྱད་དཔང་ལེན་བྱེད་སྐབས། ཁ་ལོ་བ་པ་ཆེ་གེ་མོས་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པར་གཞོགས་འདེགས་མ་བྱས་པར་ཆང་བཅུད་ཞིབ་བཤེར་དང་ལེན་མ་བྱས་པ་མ་ཟད། ད་དུང་འཁོར་གསུམ་སྦག་སྦག་བཏང་ནས་ལས་སྒྲུབ་མི་སྣར་བརྡུངས་ཏེ་བྲོས། གླ་འཁོར་གྱི་ཁ་ལོ་བ་ཞིག་གི་གཞོགས་འདེགས་འོག་ལས་སྒྲུབ་མི་སྣས་སྦག་སྦག་གཏོང་མཁན་དེ་བཟུང་བ་རེད། དེ་རྗེས་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པས་ཁ་ལོ་བ་པ་ཆེ་གེ་མོར་ཆང་བཅུད་ཞིབ་དཔྱད་ཚད་ལེན་བྱས་པ་དང་དེའི་བྱས་འབྲས་22mg/100mlཡིན་པས་ཆང་བཏུངས་རྗེས་འཕྲུལ་སྒུལ་འཁོར་རིགས་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཚད་དུ་སླེབས་ཡོད།
པ་ཆེ་གེ་མོའི་ཆང་བཏུངས་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གོ་གཅིག་པ་གཞིར་བཟུང་། ཁོ་པར་ཟླ་བ་དྲུག་རིང་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བཙན་ཉར་བྱས་པ་དང་དངུལ་ཆད་སྒོར་1900དང་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་12འཐེན་རྒྱུའི་ཆད་པ་བཅད་པ་རེད། པ་ཆེ་གོ་མོས་ལས་རེས་ཉེན་རྟོག་པའི་ཁྲིམས་ལྟར་ལས་སྒྲུབ་ལ་འགོག་རྐྱེན་བཟོས་པའི་བྱེད་སྤྱོད་ཐད་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་པ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་7བྱས་པ་དང་ཆབས་ཅིག་དངུལ་ཆད་སྒོར་200ཡི་སྲིད་འཛིན་ཆད་གཅོད་ཀྱང་བྱས་པ་རེད།