མངའ་རིས་མཐོ་ལྡིང་མཐའ་མཚམས་མངགས་གཏོང་ཁང་གིས་མང་ཚོགས་ལ་ཁ་བསླུས་ཤོར་བའི་དངུལ་ལེན་རོགས་བྱས་པ།
ཉེ་ཆར། ཁ་བསླུས་ཤོར་བའི་དངུལ་ལེན་ཡུལ་དུ་མང་ཚོགས་ཀ་ཆེ་གེ་མོས་བོད་ལྗོངས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མཐོ་ལྡིང་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པའི་ལག་པ་ནས་དམ་པོར་བཟུང་སྟེ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།
གནས་ཚུལ་དེ་ལོ་གཅིག་གི་གོང་དུ་ཐོན་པ་ཞིག་ཡིན་ཞིང་། ཀ་ཆེ་གེ་མོས་ཁྱུག་དབྱིངས་རྩེ་སྐབས“བོད་ཆས་མངགས་ཉོའི”བརྙན་ཐུང་ཞིག་གི་བདག་པོ་སྐལ་ཆེ་གེ་མོ་དང་རང་འགུལ་ངང་འབྲེལ་གཏུག་བྱས་ནས་ལོ་གསར་གྱི་བོད་ཆས་ཤིག་མངགས་ཉོ་བྱེད་དགོས་བསམ། ཕ་རོལ་པོས་བཤད་པ་ལྟར། མི་དེའི་སྐད་འཕྲིན་བསྣན་པ་མ་ཟད། ཟོག་དངུལ་སྒོར་1200སྤྲད་པ་རེད། འོན་ཀྱང་དུས་ཡུན་ལོ་གཅིག་སོང་ཡང་བོད་ཆས་བསྐུར་མཁན་མེད་ལ་ཐ་ན་སྐད་འཕྲིན་ནང་སྐད་ཆ་བཤད་ཀྱང་ལན་རྒྱག་མཁན་མེད་པས་ཀ་ཆེ་གེ་མོས་མངགས་གཏོང་ཁང་ལ་སྙན་སེང་མ་ཞུས་ཀ་མེད་བྱུང་བ་རེད།
རེ་ཞུ་འབྱོར་རྗེས་མཐོ་ལྡིང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མྱུར་དུ་བརྟག་དཔྱད་བྱས་ཏེ། སྐད་འཕྲིན་གྱི་ཟིན་ཐོ་དང་གཏོང་སྤྲོད་ཀྱི་པར་རིས་ལ་དབྱེ་ཞིབ་བྱས་པ་མ་ཟད། སྐལ་ཆེ་གེ་མོའི་ཁྱུག་དབྱིངས་དང་ཟུང་འབྲེལ་བྱས་ནས་ཁོ་པའི་སྡོད་ས་བདེ་བླག་ངང་གཏན་འཁེལ་བྱས་ཏེ་འཕྲལ་མར་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་འབྲེལ་གཏུག་བྱས། སྐལ་ཆེ་གེ་མོས་འཛད་སྤྱོད་པར་ཁ་བསླུས་བརྒྱབ་པའི་དོན་དངོས་ལ་སྦས་གསང་མེད་པར་ངོས་ལེན་ཞུས་པ་དང་། དེ་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་བརྒྱབ་པ་བརྒྱུད། སྐལ་ཆེ་གེ་མོས་རང་འགུལ་ངང་གྱོད་འབྲེལ་དངུལ་སྒོར་1200ཚང་མ་ཕྱིར་སློག་བྱས་པ་རེད།
མཐོ་ལྡིང་མཐའ་མཚམས་མངགས་གཏོང་ཁང་གིས་རྒྱ་ཆེའི་མང་ཚོགས་ལ། དྲ་ཐོག་ནས་ཅ་དངོས་ཉོ་སྐབས་དོགས་ཟོན་བྱས་ནས་ཁ་བསླུས་ཀྱི་གཡོ་རྙི་སྣ་ཚོགས་འོག་མི་ཚུད་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།