དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས།

    མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་དཔྱིད་དུས་ཀྱི་མེ་ཟོན་བདེ་འཇགས་དྲ་བ་ཚགས་དམ་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-23

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་བདེ་འཇགས་འགོག་ཟོན་གྱི་བླང་བྱ་དང་ལེན་ཧུར་ཐག་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་གྲལ་བཤེར་བཅོས་སྒྲིག་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ་དང་། གྲོང་གསེབ་ཁུལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་དམིགས་ནས། བྱ་ཐབས་སྣ་མང་མཉམ་སྤྱོད་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཧུར་ཐག་བསྐྲུན་ཡོད་པ་རེད།

    ཆེད་དོན་བྱ་སྤྱོད་སྤེལ་རིང་ཆུ་ཤུར་རྫོང་གིས་དང་ཐོག་ཉེན་ཁ་ཞིབ་འཇུག་བརྡར་གཅོད་དང་འགན་འཁྲི་ནན་དུ་བཏང་ཞིང་། གནམ་གཤིས་དྲོ་རུ་འགྲོ་བ་དང་ལྷགས་པ་ཅུང་ཆེ་བའི་གནམ་གཤིས་ལ་དམིགས་ནས་གྲོང་རྡལ་སྲིད་གཞུང་གིས་ཆེད་ལས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། “སྔོན་འགོག་གཙོ་བོ་དང་སྔོན་འགོག་དང་མེ་ཟོན་ཟུང་འབྲེལ”གྱི་ལས་ཀའི་རྩ་དོན་ཁ་གསལ་བཏོན་ཡོད། གྲོང་རྡལ་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཁག་བགོས་འགན་གཙང་ལེན་པའི་ལམ་ལུགས་ལག་བསྟར་བྱས་ནས་གྲོང་རྡལ་གྱི་ལས་བྱེད་པ་དང་། ཙུའུ་ཀྲང་། དུད་སྦྲེལ་སྤྱི་མི། དྲ་མིག་པ་བཅས་དང་དེ་བཞིན་དང་བླངས་པའི་སྣེ་ཁྲིད་དེ་གཟན་རྩྭ་འཇོག་ཁུལ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གནས་སར“ལེབ་བཤེར”རྣམ་པའི་གྲལ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་ཡོད་ས་ཤེས་རྟོགས་དང་སྔོན་འགོག་ཚོད་འཛིན་ལས་དོན་ཚང་མ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།

    གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་གཏིང་ཟབ་སྤེལ་ཞིང་། མེ་ཤིང་དང་སོག་མ་སོགས་མེ་འབར་སླ་བའི་དངོས་པོ་འཇོག་སར་དོ་དམ་ཚད་ལྡན་བྱས་ཏེ། གྲོང་མིའི་སྡོད་ཁང་དང་གློག་ཤུགས་སྒྲིག་བཀོད་དང་ངེས་པར་དུ་བར་ཐག་ངེས་ཅན་འཇོག་དགོས་པ་མ་ཟད། ཆེད་དོན་མི་སྣ་དུས་བཀག་ལྟར་ཞིབ་བཤེར་བྱེད་པར་མངགས་ནས་མངོན་མེད་རྐྱེན་ངན་ཚོད་འཛིན་གྱི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    མང་ཚོགས་ཀྱི་འགོག་ཟོན་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཆུ་ཤུར་རྫོང་གིས་རླུང་འཕྲིན་དང་སྐད་འཕྲིན་ཚོགས་པའི་ནང་དུས་ཐོག་ཏུ་དེའི་སྐོར་གྱི་ཤེས་བྱ་ཁྱབ་གདལ་དང་དེ་བཞིན་ལས་དོན་པ་དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱེད་པ་སོགས་བྱས་ཏེ་མེ་ཟོན་ཤེས་བྱ་ཁྱབ་གདལ་རྒྱ་ཁྱབ་བཏང་བ་དང་སོག་མ་མེ་བསྲེགས་གཏོང་བ་དང་ཕྱིར་མེ་གཏོང་བ་སོགས་ཉེན་ཆེའི་བྱེད་སྤྱོད་གཏན་འགོག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    གཞན་ཡང་། ཆུ་ཤུར་གྲོང་རྡལ་གྱིས་འཕྲལ་སྡོམ་ལས་རེས་ལས་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་བདེ་འཇཌ་སྲུང་བཅད་བརྟན་པོ་བསྐྲུན་ཞིང་། གྲོང་རྡལ་ཡོངས་ཀྱིས་ཉིན་མཚན་དབྱེར་མེད་ངང་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས། མེ་སྐྱོན་ཐོན་ཚེ་དུས་ཐོག་ཏུ་གོང་ཞུ་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་དང་ལེན་བྱས་ནས་མེ་གསོད་ཐུབ་པ་དང་མེ་སྐྱོན་གྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།