ཚན་རིག་དང་མཐུན་པའི་ངང་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་དགོས།
བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།
42.འགྱུར་རྟེན་གྱི་གྲངས་འབོར་དེ་གན་རྒྱ་གཙོ་བོའི་དམིགས་རྟེན་གྱི་གྲངས་ཚད་ལས་ཇི་ཙམ་བརྒལ་མི་ཆོག
ལན། 20%ཡིན་པ་སྟེ། བརྒལ་བའི་ཆ་ཤས་དག་འགྱུར་རྟེན་གྱི་ནུས་པ་ཐོན་མི་ཐུབ།
43.གན་དོན་ལས་འགལ་བའི་དངུལ་ཆད་མཐོ་དྲགས་པའམ་ཡང་ན་དམའ་དྲགས་ཚེ་ཁྲིམས་ཁང་ལ་ལེགས་སྒྲིག་བྱུ་རྒྱའི་རེ་བ་འདོན་ཆོག་གམ།
ལན། རེ་བ་འདོན་ཆོག
44.ཚོང་མཁན་ལ་དམིགས་རྟེན་དངོས་རྫས་ཀྱི་སྤྱོད་དབང་མེད་སྟབས་ཉོ་མཁན་ལ་དམིགས་རྟེན་དངོས་རྫས་རག་ཐབས་མེད་པས། གན་རྒྱ་བཞག་པར་ནུས་པ་ཐོན་ནམ།
ལན། སྔར་བཞིན་ནུས་པ་ཐོན་གྱི་ཡོད། ཉོ་མཁན་གྱིས་གན་རྒྱ་མེད་པར་བཟོ་ཆོག་པ་མ་ཟད་ཚོང་མཁན་ལ་གན་དོན་ལས་འགལ་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་འདོན་ཆོག
དམིགས་རྟེན་ཞེས་པ་ནི་གན་རྒྱའི་དོ་བདག་དབར་ཁེ་དབང་གི་འོས་འགན་འབྲེལ་བ་ཡོད་པར་ཟེར།
དམིགས་རྟེན་དངོས་རྫས་ཞེས་པ་ནི་དོ་བདག་ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན་དམིགས་འཛུགས་བྱ་ཡུལ་དེར་ཟེར་ཞིང་། ཚོང་ལས་ཉོ་ཚོང་གན་རྒྱའི་ཁྲོད་ཀྱི་དམིགས་བཀར་ཐ་སྙད་ཡིན་པའི་དམིགས་རྟེན་དངོས་རྫས་ཞེས་པ་ནི་ཉོ་ཚོང་གན་རྒྱའི་ནང་གི་དངོས་གཟུགས་སམ་ཡང་ན་ཚོང་ཟོག་ལ་ཟེར།
ཚོང་མཁན་ལ་ཐག་གཅོད་བྱེད་དབང་མེད་པ་ཞེས་པ་ནི་ཚོང་མཁན་ལ་རྒྱུ་ནོར་གྱི་བདག་དབང་བདག་པོའི་དབང་ཆ་ཐོབ་མེད་པའམ་ཡང་ན་མོས་མཐུན་མ་ཐོབ་པའི་གནས་ཚུལ་འོག་མི་གཞན་གྱི་རྒྱུ་ནོར་རང་དགར་ཐག་གཅོད་པའི་བྱེད་སྤྱོད་ལ་ཟེར།
45.ཉོ་ཚོང་ཕྱོགས་གཉིས་པོས་དངོས་ཟོག་གི་ཞིབ་དཔྱད་ཡུན་ཚད་ཁ་ཆད་བྱས་མེད་ཚེ་ཇི་ལྟར་བྱས་ཏེ་དངོས་ཟོག་གི་ཞིབ་དཔྱད་ཡུན་ཚད་གཏན་འཁེལ་བྱེད་དགོས་སམ།
ལན། དམིགས་རྟེན་དངོས་རྫས་ལ་ཁ་ཆད་བྱས་པའི་སྤུས་ཚད་ཀྱི་འགན་ལེན་ཡུན་ཚད་ཡོད་པ་ཕུད། དངོས་ཟོག་གི་ཞིབ་དཔྱད་ཡུན་ཚད་རིང་ཤོས་ལ་ལོ་གཉིས་ཡིན་པ་དང་དམིགས་རྟེན་དངོས་རྫས་འབྱོར་བའི་ཉིན་ནས་རྩིས་རྒྱག་དགོས།
46.ཚོད་སྤྱོད་ཉོ་ཚོང་གི་ཚོད་སྤྱོད་དུས་ཚད་ཇི་ལྟར་བྱས་ཏེ་གཏན་འཁེལ་བྱེད་དམ།
ལན། ཁ་ཆད་ཡོད་ཚེ་ཁ་ཆད་ལྟར་དང་ཁ་ཆད་མེད་ཚེ་ཚོང་མཁན་གྱིས་གཏན་འཁེལ་བྱས་པར་བརྩི་དགོས། ལག་ལེན་ཁྲོད་ཚོང་མཁན་གྱིས་ཡི་གེ་བསྐུར་ཏེ་ཉོ་མཁན་ལ་ཚོད་སྤྱོད་དུས་ཚད་དང་དེ་བཞིན་དངོས་ཟོག་གི་རིན་གོང་སོགས་དོན་ཚན་གསལ་བཤད་བྱེད་དགོས། གལ་ཏེ་ཚོད་སྤྱོད་དུས་ཚད་ཐིམ་རྗེས་ཉོ་མཁན་གྱིས་དམིགས་རྟེན་དངོས་རྫས་ཉོ་མིན་ཐད་རྣམ་འགྱུར་མ་བསྟན་ཚེ་ཉོས་པར་བརྩི་ཆོག་གི་ཡོད།
47.ཚོད་སྤྱོད་ཉོ་ཚོང་གི་དོ་བདག་གིས་དམིགས་རྟེན་དངོས་རྫས་ཀྱི་བེད་སྤྱོད་གྲོན་དངུལ་ཐད་ཁ་ཆད་མ་བྱས་ཚེ་ཇི་ལྟར་བྱས་ཏེ་ཐག་གཅོད་བྱེད་དགོས་སམ།
ལན། ཁ་ཆད་མ་བྱས་ཚེ་ཚོང་མཁན་གྱིས་བེད་སྤྱོད་གྲོན་དངུལ་སྤྱོད་དབང་མེད།
48.གློག་རིན་མ་འཇལ་ན་གློག་མཁོ་འདོན་བྱེད་མཁན་གྱིས་ལམ་སེང་གློག་བཀག་ཆོག་གམ།
ལན། མི་ཆོག གློག་སྤྱོད་མཁན་གྱིས་གློག་རིན་མ་སྤྲད་ན། གློག་མཁོ་འདོན་བྱེད་མཁན་གྱིས་བརྡ་ཐོ་གཏོང་དགོས་པ་དང་འབྲེལ་ལུགས་མཐུན་གྱི་དུས་བཀག་ངེས་ཅན་ཞིག་འཇོག་དགོས། དུས་བཀག་ལས་བརྒལ་རུང་སྔར་བཞིན་གློག་རིན་མ་འཇལ་ན། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གློག་གཏོང་མཚམས་བཞག་ན་ཆོག
49.སྟེར་བའི་དངོས་པོ་ཕྱིར་ལེན་ཆོག་གམ།
ལན། སྟེར་བའི་རྒྱུ་ནོར་གྱི་ཁེ་དབང་གཞན་སྒྱུར་མ་བྱས་གོང་ཕྱིར་འཐེན་བྱས་ཆོག འོན་ཀྱང་གཞུང་དཔང་བྱས་ནས་སྟེར་བའམ་ཁྲིམས་ལྟར་ཕྱིར་འཐེན་བྱས་མི་ཆོག་པའི་གེགས་སེལ་དང་། དབུལ་སྐྱོར། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱས་པ་སོགས་ཀྱི་སྤྱི་ཕན་དང་ཀུན་སྤྱོད་འོས་འགན་གྱི་ངོ་བོ་ལྡན་པའི་ཞལ་འདེབས་རིགས་ཕྱིར་འཐེན་བྱས་མི་ཆོག
50.ཁག་ཐེག་བྱེད་སྟངས་ཐད་ཁ་ཆད་བྱས་མེད་ན། ཇི་ལྟར་བྱས་ནས་ཁག་ཐེག་བྱེད་སྟངས་གཏན་འཁེལ་བྱེད་དགོས་སམ།
ལན། སྤྱིར་བཏང་གི་ཁག་ཐེག་ལྟར་ཁག་ཐེག་འགན་འཁྲི་འཁུར་དགོས། སྤྱིར་བཏང་གི་ཁག་ཐེག་གནས་ཚུལ་འོག གན་རྒྱ་གཙོ་བོའི་རྩོད་གླེང་ལ་འདྲི་གཅོད་དམ་ཡང་ན་འདུམ་གཅོད་མ་བྱས་པར་མ་ཟད། བུ་ལོན་འཇལ་མཁན་གྱི་རྒྱུ་ནོར་ལ་ཁྲིམས་ལྟར་བཙན་ཤེད་བྱས་ཀྱང་སྔར་བཞིན་བུ་ལོན་འཇལ་མི་ཐུབ་གོང་། ཁག་ཐེག་བྱེད་མཁན་གྱིས་བུན་བདག་ལ་ཁག་ཐེག་འགན་འཁྲི་མི་སྒྲུབ་པའི་དབང་ཆ་ཡོད།
51.བོགས་གཏོང་གན་རྒྱ་ཡིག་ཐོག་ནས་འཇོག་དགོས་སམ།
ལན། བོགས་གཏོང་དུས་ཡུན་ཟླ་བ་6ཡན་ལ་ཡིག་ཐོག་ནས་གན་རྒྱ་འཇོག་དགོས།
52.བོགས་གཏོང་ཡུན་ཚད་རིང་ཤོས་ལ་ལོ་ཇི་ཙམ་ལས་བརྒལ་མི་རུང་ངམ།
ལན། ལོ་20ལས་བརྒལ་མི་རུང་། ལོ་20ལས་བརྒལ་ཚེ་བརྒལ་བའི་ཆ་ཤས་དེ་དག་ལ་ནུས་པ་ཐོན་གྱི་མེད།
53.བོགས་མར་ལེན་མཁན་གྱིས་ཁ་ཆད་ལྟར་བོགས་གཏོང་དངོས་པོ་བེད་སྤྱོད་མ་བྱས་ཚེ་བོགས་མར་གཏོང་མཁན་གྱིས་གན་རྒྱ་མེད་པར་བཟོས་ཆོག་གམ།
ལན། ཁ་ཆད་ལྟར་བོགས་གཏོང་དངོས་པོ་བེད་སྤྱོད་མ་བྱས་ཚེ་བོགས་གཏོང་དངོས་པོར་སྐྱོན་ཤོར་གྱི་ཡོད་པའི་དཔང་རྟགས་ཡོད་ཕྱིན་གན་རྒྱ་མེད་པར་བཟོས་ཆོག
54.བོགས་མར་ལེན་མཁན་གྱིས་བོགས་མར་གཏོང་མཁན་གྱི་མོས་མཐུན་མ་ཐོབ་པར་བོགས་གཏོང་དངོས་པོ་མི་གཞན་ལ་བོགས་མར་བཏང་ཚེ་བོགས་མར་གཏོང་མཁན་གྱིས་གན་རྒྱ་མེད་པར་བཟོས་ཆོག་གམ།
ལན། བཟོས་ཆོག ཡིན་ནའང་དཔང་རྟགས་འདོན་དཀའ་ཙམ་ཡོད་དེ། གང་ལགས་ཤེ་ན། བོགས་མར་ལེན་མཁན་གྱིས་མཉམ་ལས་རྣམ་པའི་ཐོག་ནས་བོགས་མར་ལེན་མཁན་གྱི་བྱེད་པོའི་ཁྱབ་ཁོངས་རྒྱ་ཆེར་གཏོང་སྲིད།
55.བོགས་དངུལ་ག་དུས་སྤྲོད་མིན་ཐད་ཁ་ཆད་མེད་ཚེ་ཇི་ལྟར་བྱེད་དགོས་སམ།
ལན། གལ་ཏེ་བོགས་མར་གཏོང་ཡུན་ལོ་གཅིག་སོང་མེད་ཕྱིན། བོགས་ཡུན་ཐིམ་རྗེས་སྤྲོད་དགོས་པ་དང་། གལ་ཏེ་བོགས་ཡུན་ལོ་གཅིག་ཡན་ཡིན་ཚེ་ལོ་རེར་ཐེངས་རེ་སྤྲོད་དགོས་པ། བོགས་ཡུན་ལྷག་མ་ལོ་གཅིག་ལོན་མེད་ཚེ་བོགས་ཡུན་ཐིམ་རྗེས་སྤྲོད་དགོས།
56.གནས་ཚུལ་གང་དག་འོག་བོགས་མར་ལེན་མཁན་གྱིས་དེའི་ཁང་པ་སྔོན་ལ་ཉོ་དབང་མེད་དམ།
ལན། ཁང་པའི་ཐོབ་སྐལ་གྱི་སྤྱི་དབང་བདག་པོས་སྔོན་ལ་ཉོ་དབང་སྤྱོད་པའམ་ཡང་ན་བོགས་མར་གཏོང་མཁན་གྱིས་ཁང་པ་དེ་གཉེན་ཉེར་བོགས་མར་གཏོང་སྐབས་ཉོ་དབང་མེད།
57.བོགས་མར་ལེན་མཁན་གྱིས་ཁང་པ་སྔོན་ལ་བོགས་མར་ལེན་དབང་ཡོད་དམ།
ལན། ཡོད་དེ། བོགས་ཡུན་ཐིམ་རྗེས་བོགས་མར་ལེན་མཁན་ལ་འདྲ་མཉམ་གྱི་ཆ་རྐྱེན་འོག་སྔོན་ལ་བོགས་མར་ལེན་དབང་ཡོད།
58.སྒྲུབ་འགན་ལེན་པའི་གན་རྒྱ་བཞག་རྗེས་མངག་བཟོ་བས་རང་དགར་གན་རྒྱ་མེད་པ་བཟོ་དབང་ཡོད་དམ།
ལན། སྒྲུབ་འགན་ལེན་མཁན་གྱིས་ལས་དོན་མ་སྒྲུབ་གོང་དུ་མངག་བཟོ་བས་རང་དགར་གན་རྒྱ་མེད་པ་བཟོ་དབང་ཡོད། འོན་ཀྱང་སྒྲུབ་འགན་ལེན་མཁན་གྱི་གྱོང་གུན་གསབ་དགོས་ཀྱི་ཡོད།
མངག་བཟོ་བ་ཞེས་པ་ནི་མི་གཞན་ལ་ཐོན་རྫས་མངག་བཟོ་བྱེད་དུ་འཇུག་མཁན་ལ་ཟེར།
སྒྲུབ་འགན་ལེན་མཁན་ཞེས་པ་ནི་སྒྲུབ་འགན་ལེན་པའི་གན་རྒྱ་འཇོག་རིང་རང་ཉིད་ཀྱི་སྒྲིག་ཆས་དང་། ལག་རྩལ། ངལ་རྩོལ་ནུས་ཤུགས་བཅས་ལ་བརྟེན་ནས་ཁ་ཆད་བྱས་པའི་ལས་དོན་ལེགས་སྒྲུབ་བྱེད་པ་དང་འབྲེལ་ཕ་རོལ་པོར་ལས་ཀའི་གྲུབ་འབྲས་རྩིས་སྤྲོད་མཁན་གྱི་དོ་བདག་ལ་ཟེར།
59.མངག་བཅོལ་གན་རྒྱ་བཞག་རྗེས་མངག་བཅོལ་བར་གན་རྒྱ་མེད་པར་བཟོ་བའི་ཁེ་དབང་གང་རུང་ཡོད་དམ།
ལན། མངག་བཅོལ་གན་རྒྱ་བཞག་རྗེས། ཕྱོགས་གང་རུང་བས་མངག་བཅོལ་གྱི་གན་རྒྱ་དུས་གང་རུང་དུ་མེད་པར་བཟོས་ཆོག་གི་ཡོད།
60.དོ་བདག་གིས་འབྲེལ་ཡོད་སྡེ་ལས་ཞབས་ཞུ་དང་ལེན་བྱེད་དགོས་མེད་པར་ཁ་གཡར་ནས་སྡེ་ལས་ཀྱི་འགྲོ་གྲོན་སྤྲོད་རྒྱུ་ཁས་མ་བླངས་ཚེ་འགྲིག་གམ།
ལན། འགྲིག་གི་མེད།
61.སྡེ་ལས་ཀུང་སིས་གློག་དང་། ཆུ། དྲོད་རླངས། འབར་རླངས་བཅས་གཏོང་མཚམས་བཞག་ནས་སྡེ་ལས་གྲོན་དངུལ་འདེད་ན་འགྲིག་གམ།
ལན། འགྲིག་གི་མེད།