དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-22

    55 རྒྱུ་ནོར་གང་དག་ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་ཡིན་ནམ།

    དོན་ཚན་ཆིག་སྟོང་དང་རེ་གསུམ་པ། གཤམ་གསལ་གྱི་རྒྱུ་ནོར་ནི་ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་ཡིན། (གཅིག) ཕྱོགས་གཅིག་གི་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར། (གཉིས) ཕྱོགས་གཅིག་གི་མི་ལུས་ལ་གནོད་རྐྱེན་ཕོག་པ་ལས་ཐོབ་པའི་སྐྱིན་གསབ་བམ་གུན་གསབ། (གསུམ) ཁ་ཆེམས་སམ་སྦྱིན་པའི་གན་རྒྱའི་ནང་ཕྱོགས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བྱས་པའི་རྒྱུ་ནོར། (བཞི) ཕྱོགས་གཅིག་གི་ཆེད་སྤྱོད་འཚོ་བའི་ཉེར་སྤྱད། (ལྔ) ཕྱོགས་གཅིག་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག

    ཁྲིམས་ལུགས་འཆད་སྟེགས།

    ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་ནི་ཁྱོ་ཤུག་གིས་ཐུན་མོང་རྒྱུ་ནོར་བདག་པའི་ལམ་ལུགས་ལག་བསྟར་བྱེད་སྐབས་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་ཡང་ན་ཕྱོགས་གཉིས་པོའི་ཁ་ཆད་ལྟར་རང་ངོས་ཀྱི་ཁྱབ་ཁོངས་ངེས་ཅན་གྱི་སྒེར་གྱི་རྒྱུ་ནོར་ཡིན་པ་དང་སྦྲགས་རྒྱུ་ནོར་དེར་ཁེར་རྐྱང་ངང་བདག་པོ་རྒྱག་པ་དང་། བེད་སྤྱོད་བྱེད་པ། ཉར་བ། གཏོར་བ་བཅས་བྱེད་དབང་ཡོད་པས་མི་གཞན་གྱིས་ཐེ་ཇུས་བྱེད་མི་རུང་། ཁྱོ་ཤུག་ཕྱོགས་གཅིག་གི་མི་སྒེར་གྱི་རྒྱུ་ནོར་གྱི་གཏན་འབེབས་ཀྱིས་ཐུན་མོང་རྒྱུ་ནོར་ལམ་ལུགས་ཀྱིས་མི་སྒེར་གྱི་ཁེ་དབང་དང་འདོད་མོས་ལ་དོ་ཁུར་བྱ་རྒྱུ་མི་འདང་བའི་སྐྱོན་ཆ་ཁ་གསབ་ཐུབ་པ་དང་ཐུན་མོང་རྒྱུ་ནོར་ཁྱབ་ཁོངས་སྣུར་བསྲིང་བྱ་རྒྱུར་སྔོན་འགོག་ཐུབ་ནས་མི་སྒེར་གྱི་རྒྱུ་ནོར་བདག་དབང་ལ་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡོད། ཞིབ་ཕྲའི་ཐོག་ནས་བརྗོད་ན། ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་ནང་། (1) ཕྱོགས་གཅིག་གི་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་ཏེ། དཔེར་ན་གཉེན་སྒྲིག་མ་བྱས་གོང་ཉོས་པའི་ཁང་པ་དང་རླངས་འཁོར་སོགས་ལྟ་བུ། (2) ཕྱོགས་གཅིག་གི་མི་ལུས་ལ་གནོད་རྐྱེན་ཕོག་པ་ལས་ཐོབ་པའི་སྐྱིན་གསབ་བམ་གུན་གསབ་སྟེ་མི་ལུས་ལ་གནོད་རྐྱེན་ཕོག་པ་ལས་ཐོབ་པའི་སྨན་རིན་སོགས་ལྟ་བུ། (3) ཁ་ཆེམས་སམ་སྦྱིན་པའི་གན་རྒྱའི་ནང་ཕྱོགས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བྱས་པའི་རྒྱུ་ནོར། (4) ཕྱོགས་གཅིག་གི་ཆེད་སྤྱོད་འཚོ་བའི་ཉེར་སྤྱད་སྟེ། མི་སྒེར་གྱི་གྱོན་གོས་དང་། ལྷམ། ཞྭ་མོ་སོགས་ལྟ་བུ། (5) ཕྱོགས་གཅིག་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་སོ།

    56 བུན་འགན་གང་དག་ཁྱོ་ཤུག་ཐུན་མོང་གི་བུན་འགན་གྱི་ཁོངས་སུ་གཏོགས་སམ།

    དོན་ཚན་ཆིག་སྟོང་དང་རེ་བཞི་པ། ཁྱོ་ཤུག་ཕྱོགས་གཉིས་ཀས་ཐུན་མོང་ཐོག་མིང་རྟགས་བཀོད་པའམ་ཕྱོགས་གཅིག་གིས་རྗེས་བྱུང་ཁས་ལེན་བྱས་པ་སོགས་ཐུན་མོང་གི་འདོད་བློ་བསྟན་པ་ལས་འཁུར་བའི་བུན་འགན་དང་། དེ་བཞིན་ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་སྒྲིག་འབྲེལ་བ་སོར་གནས་ཀྱི་རིང་དུ་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོའི་དོན་དུ་འཁུར་བའི་བུན་འགན་ནི་ཁྱོ་ཤུག་ཐུན་མོང་གི་བུན་འགན་ཡིན། ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་སྒྲིག་འབྲེལ་བ་སོར་གནས་ཀྱི་རིང་དུ་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ལས་བརྒལ་ནས་འཁུར་བའི་བུན་འགན་ནི་ཁྱོ་ཤུག་ཐུན་མོང་གི་བུན་འགན་མིན། འོན་ཀྱང་བུན་བདག་གིས་བུན་འགན་དེ་ནི་ཁྱོ་ཤུག་ཐུན་མོང་གི་འཚོ་བ་དང་། ཐུན་མོང་གི་ཐོན་སྐྱེད་དང་གཉེར་སྐྱོང་ཐད་ལ་སྤྱད་པའམ་ཁྱོ་ཤུག་ཕྱོགས་གཉིས་ཀའི་ཐུན་མོང་གི་འདོད་བློ་བསྟན་པ་ལ་གཞི་བཅོལ་བ་ཡིན་པ་བདེན་དཔང་བྱེད་ཐུབ་པ་འདིའི་ཁོངས་སུ་མི་ཚུད།

    ཁྲིམས་ལུགས་འཆད་སྟེགས།

    ཁྱོ་ཤུག་ཐུན་མོང་གི་བུན་འགན་ཞེས་པ་ནི་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་ཁྱོ་ཤུག་ཕྱོགས་གཉིས་པོས་ཐུན་མོང་ཐོག་འདོད་བློ་བསྟན་པ་ལས་འཁུར་དགོས་པའི་བུན་འགན་ནམ་ཡང་ན་ཁྱོ་ཤུག་ཕྱོགས་གཉིས་པོའམ་ཕྱོགས་གཅིག་གིས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོའི་ཆེད་འཁུར་དགོས་ངེས་ཀྱི་བུན་འགན་ཞིག་རེད། ཞིབ་ཕྲའི་ཐོག་ནས་བརྗོད་ན། ཁྱོ་ཤུག་གི་ཐུན་མོང་བུན་འགན་ལ་རིགས་གསུམ་ཡོད་དེ། གཅིག་ནི་ཁྱོ་ཤུག་ཕྱོགས་གཉིས་པོས་ཐུན་མོང་ཐོག་འདོད་བློ་བསྟན་པ་ལས་འཁུར་དགོས་པའི་བུན་འགན་ཡིན་ཏེ། དཔེར་ན་ཁྱོ་ཤུག་ཕྱོགས་གཉིས་ཀས་ཐུན་མོང་ཐོག་མིང་རྟགས་བཀོད་པའམ་ཕྱོགས་གཅིག་གིས་རྗེས་བྱུང་ཁས་ལེན་བྱས་པ་སོགས་ཀྱི་བུན་འགན་དང་། གཉིས་ནི་ཁྱོ་ཤུག་ཕྱོགས་གཉིས་ཀའམ་ཡང་ན་ཕྱོགས་གཅིག་གིས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོའི་དོན་དུ་འཁུར་བའི་བུན་འགན་ཡིན། གསུམ་ནི་ཁྱོ་ཤུག་ཕྱོགས་གཅིག་གིས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ལས་འགལ་ནས་འཁུར་བའི་བུན་འགན་ཡིན་པ་མ་ཟད་བུན་འགན་དེ་ཁྱོ་ཤུག་ཐུན་མོང་གི་འཚོ་བ་དང་། ཐོན་སྐྱེད་གཉེར་སྐྱོང་། ཁྱོ་ཤུག་ཕྱོགས་གཉིས་ཀའི་ཐུན་མོང་གི་འདོད་བློ་བསྟན་པ་ལ་གཞི་བཅོལ་བ་ཡིན་པ་བདེན་དཔང་བྱེད་ཐུབ་པ་ཞིག་ཡིན།

    57ཁྱོ་ཤུག་ཕྱོགས་གཉིས་པོས་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་ཐོབ་པའི་རྒྱུ་ནོར་རང་རང་སོ་སོར་དབང་བའི་གྲོས་མཐུན་འཇོག་ཆོག་གམ།

    དོན་ཚན་ཆིག་སྟོང་དང་རེ་ལྔ་པ། ཁྱོ་ཤུག་ཕྱོགས་གཉིས་ཀར་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་ཐོབ་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་རང་སོ་སོར་དབང་བ་དང་། ཐུན་མོང་ལ་དབང་བའམ་ཆ་ཤས་ཤིག་རང་སོ་སོར་དབང་ལ་ཆ་ཤས་ཤིག་ཐུན་མོང་ལ་དབང་བ་ཡིན་པ་བཅས་ཀྱི་གྲོས་དན་བཞག་ཆོག གྲོས་དན་ཡིག་ཐོག་ནས་འཇོག་དགོས། གྲོས་དན་བཞག་མེད་པའམ་གྲོས་དན་གསལ་པོ་མེད་ན། བཅའ་ཁྲིམས་འདིའི་དོན་ཚན་ཆིག་སྟོང་དང་རེ་གཉིས་པ་དང་། དོན་ཚན་ཆིག་སྟོང་དང་རེ་གསུམ་པའི་གཏན་འབེབས་སྤྱད་འཐུས། ཁྱོ་ཤུག་གཉིས་ཀར་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་ཐོབ་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་སྐོར་གྱི་གྲོས་དན་ནི་ཕྱོགས་གཉིས་ཀར་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པ་ཡིན། ཁྱོ་ཤུག་གཉིས་ཀར་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་ཐོབ་པའི་རྒྱུ་ནོར་རང་སོ་སོར་དབང་བའི་གྲོས་མཐུན་བཞག་ཡོད་པ་དང་། ཁྱོའམ་ཤུག་ཕྱོགས་གཅིག་གིས་ཕྱི་ལོགས་སུ་འཁུར་བའི་བུན་འགན་ནི་བལྟོས་བཅས་མིས་གྲོས་མཐུན་དེ་ཡོད་པ་ཤེས་པ་ཡིན་ན་ཁྱོའམ་ཤུག་གི་ཕྱོགས་དེའི་མི་སྒེར་གྱི་རྒྱུ་ནོར་གྱིས་གཙང་འཇལ་བྱེད་དགོས།

    ཁྲིམས་ལུགས་འཆད་སྟེགས།

    ཁྱོ་ཤུག་དབར་གྲོས་དན་བཞག་པའི་རྒྱུ་ནོར་ལམ་ལུགས་ཞེས་པ་ནི་བཅའ་ཁྲིམས་ཀྱིས་ཁྱོ་ཤུག་གིས་གྲོས་དན་འཇོག་པའི་བྱེད་ཐབས་ཐོག་ནས་ཁྱོ་ཤུག་ཕྱོགས་གཉིས་གཉེན་སྒྲིག་མ་བྱས་གོང་ངམ་ཡང་ན་གཉེན་སྒྲིག་གི་འབྲེལ་བ་སོར་གནས་རིང་དུ་ཐོབ་པའི་རྒྱུ་ནོར་བདག་དབང་གཏོགས་ཁོངས་དང་། དོ་དམ། བེད་སྤྱོད། ཁེ་འབབ། གཏོར་བ་བཅས་དང་དེ་བཞིན་ཕུང་གསུམ་པའི་བུན་འགན་གཙང་འཇལ་དང་གཉེན་འཐོར་སྐབས་ཀྱི་རྒྱུ་ནོར་བགོ་བཤའ་སོགས་ལ་གྲོས་མཐུན་བཞག་ནས་ཁྱོ་ཤུག་གི་ཁྲིམས་གཏན་འཁེལ་བའི་རྒྱུ་ནོར་ལམ་ལུགས་སྤྱོད་པའི་ལམ་ལུགས་ནང་ཚུད་མེད་པའམ་ཁག་གཅིག་ཚུད་མེད། ཁྱོ་ཤུག་ཕྱོགས་གཉིས་པོས་གྲོས་དན་བཞག་པའི་རྒྱུ་ནོར་ལམ་ལུགས་སྤྱོད་སྐབས་གཤམ་གསལ་གྱི་ཕྱོགས་གསུམ་ལ་དོ་སྣང་བྱེད་དགོས་ཏེ། གཅིག་ནི་ངེས་པར་དུ་ཁྱོ་ཤུག་ཕྱོགས་གཉིས་པོར་དམངས་དོན་བྱ་སྤྱོད་རྦད་དེ་སྤེལ་ནུས་ལྡན་པ་མ་ཟད། རང་མོས་ཀྱི་གནས་ཚུལ་འོག་བཟོས་པའི་ནང་དོན་དེ་ཁྲིམས་མཐུན་གྱི་གྲོས་དན་ཡིན་དགོས་པ་དང་། གཉིས་ནི་གྲོས་དན་དེ་ཡིག་ཐོག་ནས་བཀོད་དགོས་པ། གསུམ་ནི་གྲོས་དན་ནང་ཕུང་གསུམ་པར་ཁ་གཏད་གཅོག་མི་རུང་བ་མ་ཟད། ཕུང་གསུམ་པས་གྲོས་མཐུན་དེ་ཤེས་རྟོགས་ཐུབ་པ་འདིའི་ཁོངས་སུ་མི་ཚུད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།