ནག་ཆུའི་ཁྲིམས་ཁང་གིས།
“དཔྱིད་ཀྱི་ཐེའུ”ལག་བསྟར་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ།
ཉེ་ཆར། ནག་ཆུའི་ཁྲིམས་ཁང་གི“དུས་ཚིགས་རེར་བྱ་སྤྱོད་རེ་སྤེལ་བའི”གྲས་ཤིག་ཡིན་པའི་དུས་ཚིགས་དང་པོའི“དཔྱིད་ཀྱི་ཐེའུ”ཡི་ལྗོངས་ཕྱིར་གཅིག་སྡུད་ལག་བསྟར་བྱེད་པའི་ཆེད་དོན་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་1ནས་བཟུང་། ཆེད་དོན་བྱ་སྤྱོད་ཚོགས་ཆུང་གིས་ཉིན་60ཙམ་གྱི་དུས་ཚོད་སྤྱད་དེ་ཁྱོན་གྱོད་གཞི་322ཐག་གཅོད་བྱས་པའི་ནང་གྱོད་གཞི་179ལེགས་སྒྲུབ་ཟིན་པ་དང་། གྱོད་གཞི་121འདུམ་འགྲིག་བྱུང་བ། སྒོར་ཁྲི་2102.28དམིགས་སར་འབྱོར་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རིམ་རྩིས་བརྒྱབ་ན་ཆེད་དོན་བྱ་སྤྱོད་ཚོགས་ཆུང་བསྐྱོད་པའི་ལམ་ཚད་སྤྱི་ལེ་ཁྲི་16ལྷག་ཙམ་ཟིན་ཞིང་། སི་ཁྲོན་དང་། ཁྲུང་ཆིང་། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་14ལ་བསྐྱོད་པ་དང་། གྲོང་ཁྱེར་དང་རྫོང་100ལྷག་ཙམ་གྱི་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་སར་བསྐྱོད་པ་རེད། ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ལས་བྱེད་ཉེན་རྟོག་པ་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཤིང་། དགུན་གྲང་ངར་ཆེ་བའི་གནམ་གཤིས་ལས་འགྲོ་ལམ་ལ་འཁྱགས་པ་ཐེབས་པ་དང་གངས་ཆེན་གྱིས་འགྲོ་ལམ་བཀག་ཀྱང་། ཁོང་ཚོས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད། ལས་ཀའི་ཁྲོད་དུ་ལས་བྱེད་ཉེན་རྟོག་པ་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་དངུལ་ཁང་དང་། ས་ཁང་བདག་ཁོངས་སྡེ་ཚན། རླངས་འཁོར་དོ་དམ་སུའོ་བཅས་ལ་ཡང་ཡང་བསྐྱོད་དེ་ལག་བསྟར་བྱེད་མིའི་རྒྱུ་ནོར་འདྲི་རྩད་དང་བསྡམས་བཅད་བྱས་ཡོད།
ཟླ་བ་གཉིས་ཙམ་གྱི་དཀའ་ཚེགས་ཆེ་བའི་ལས་འགན་མཇུག་སྒྲིལ་མ་ཐག ལག་བསྟར་ཚོགས་ཆུང་གི་ལས་བྱེད་ཉེན་རྟོག་པ་ཚོས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་དུས་ཚོད་དམ་འཛིན་གྱིས་ད་ཐེངས་ཀྱི་བྱ་སྤྱོད་ལ་ཞུགས་ཏེ་འཕྲལ་མར་རུབ་འཛོམས་བྱས་ཤིང་། འཁང་ར་སྤུ་ཙམ་ཡང་མེད་པར་སྔར་རྒྱུན་ལྟར་འཐབ་ས་དང་པོར་འབད་འབུངས་ལས་སྒྲུབ་བྱས་པ་རེད།