“སྐབས་དེ་དུས་ཐེ་ཚོམ་བྱས་ནས་སྡོད་ཁོམ་མི་འདུག”
—— གཞིས་རྩེ་གྲོང་ཁྱེར་རྒྱལ་གྲོགས་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་ཁ་ལོ་བ་ཝུན་ཧོའེ་ཤོན་ལ་བཅར་འདྲི་བྱས་པ།
འདི་ནི་ཝུན་ཧོའེ་ཤོན་གྱིས་ལས་ཀ་སྒྲུབ་སྐབས་ཀྱི་པར་ཡིན་པ།
“སྐབས་དེར་ཐེ་ཚོམ་བྱས་ནས་སྡོད་ཁོམ་མི་འདུག སེམས་ལ་འཁོར་བ་ནི་ཉེན་སེལ་མེ་གསོད་རེད”ཅེས་དངངས་འཚབ་ཆེ་བའི་ཉེན་སེལ་མེ་གསོད་སྐོར་གླེང་སྐབས“95རྗེས་སྐྱེས”ཀྱི་ཝུན་ཧོའེ་ཤོན་གྱིས་རྒྱུན་གཏན་གྱི་དོན་དག་ཆུང་ཙག་ཅིག་གླེང་བ་དང་འདྲ་བར་ཞི་ལྷོད་ངང་བཤད།
ད་ལོར་ལོ་29ལ་སླེབས་པའི་ཝུན་ཧོའེ་ཤོན་གྱི་ཕ་ཡུལ་སི་ཁྲོན་དབྱི་པིང་ཡིན་པ་དང་། ད་ལྟ་གཞིས་རྩེ་རྒྱལ་གྲོགས་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་ཁ་ལོ་བ་ཞིག་རེད། མི་རིང་བའི་གོང་ཁོང་གིས་དཔའ་ངར་ཞུམ་མེད་ཀྱིས་ཉེན་སྐྱོབ་མེ་གསོད་བྱས་པའི་དཔའ་མཛངས་བརྟུལ་ཕོད་ཀྱི་བྱས་རྗེས་བཞག་པས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་2025ལོའི་དུས་ཚིགས་དང་པོའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོའི་ནང་ཚུད་ནས་ཀུན་གྱིས་བསྔགས་བརྗོད་བྱེད་སའི་དཔའ་བོར་གྱུར།
ལས་ཀར་ཞུགས་པ་ནས་ད་བར་དུ་ཝུན་ཧོའེ་ཤོན་གྱིས་ཆེས་བརྗེད་པར་དཀའ་བ་ནི་དུས་ཚོད་དམ་འཛིན་གྱིས་ཉེན་སྐྱོབ་མེ་གསོད་བྱས་པའི་དོན་དག་དེ་རེད།
2024ལོའི་ཟླ་10ཚེས་31ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2པ་ཙམ་ལ། ཝུན་ཧོའེ་ཤོན་གྱིས་ལམ་ཐིག་བརྒྱད་པའི་སྤྱི་སྤྱོད་རླངས་འཁོར་བཏང་ནས་ཇོ་མོ་གླང་མ་ཤར་ལམ་གྱི་མི་དམངས་སྤྱི་གླིང་གི་ཉེ་འགྲམ་ནས་སྐྱོད་སྐབས། ལམ་འགྲམ་གྱི་འཇིབ་ཆུང་ཞིག་ནས་དུ་ནག་འཕྱུར་ཏེ་འགྲོ་འོང་བྱེད་མཁན་རླངས་འཁོར་ཚང་མ་དེར་གཡོལ་ནས་བསྐྱོད་པ་དང་། དོན་རྐྱེན་བྱུང་བའི་འཁོར་བདག་ག་བྱེད་འདི་བྱེད་མེད་པར་དངངས་སྐྲག་ཆེན་པོ་བྱེད་བཞིན་པ་མཐོང་།
ཝུན་ཧོའེ་ཤོན་གྱིས་གནས་ཚུལ་ཛ་དྲག་པ་ཤེས་ཏེ། ལམ་སེང་སྤྱི་སྤྱོད་རླངས་འཁོར་ནང་གི་འགྲུལ་པར་ཕྱི་ལ་འབབ་མི་རུང་བའི་མངགས་བྱ་བྱས་པ་དང་ཆབས་ཅིག སྤྱི་སྤྱོད་རླངས་འཁོར་ལམ་འགྲམ་དུ་བརྟན་པོའི་ངང་ཁ་བཀག་ཏེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འཕྲལ་དུ་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱས། གནས་ཚུལ་ཚབས་ཆེ་བ་དང་མེ་ཤུགས་ད་དུང་ཆེ་རུ་འགྲོ་ཉེན་ཡོད་པ་མཐོང་བ་ན། ཝུན་ཧོའེ་ཤོན་གྱིས་ཕྱིར་བཤོལ་གཏན་ནས་མ་བྱས་པར་མྱུར་དུ་རླངས་འཁོར་ནས་མེ་གསོད་ཡོ་ཆས་བླངས་ཏེ་མེ་གསོད་ཐབས་བྱས། ཡིན་ཡང་མེ་ཤུགས་ཧ་ཅང་ཆེ་བས་རླངས་འཁོར་ནང་གི་མེ་གསོད་ཡོ་ཆས་གཉིས་ཀ་སྤྱད་ནའང་མེ་གསོད་ཐུབ་མེད།
ཤིན་ཏུ་ཛ་དྲག་ཆེ་བའི་སྐབས་དེར། ཝུན་ཧོའེ་ཤོན་གྱིས་རྒྱབ་ནས་ལམ་ཐིག་དང་པོའི་སྤྱི་སྤྱོད་རླངས་འཁོར་ཡོང་བཞིན་པ་མཐོང་། ཁོང་གིས་མྱུར་དུ་ལག་པ་གཡུག་གཡུག་བྱས་ནས་རླངས་འཁོར་ལམ་འགྲམ་དུ་ཁ་བཀག་དགོས་པའི་བརྡ་བཏང་བ་དང་སྦྲགས། ལམ་ཐིག་དང་པོའི་སྤྱི་སྤྱོད་རླངས་འཁོར་ནང་གི་མེ་གསོད་ཡོ་ཆས་བླངས་ནས་ཁ་ལོ་བ་གཉིས་པོས་མཉམ་དུ་མེ་བསད་པ་དང་། ཉེ་འཁོར་གྱི་ཚོང་པ་ཚོས་ཀྱང་རང་འགུལ་ངང་མེ་གསོད་ཡོ་ཆས་ཁྱེར་ནས་ཕྱར་བ་གྲུ་འདེགས་ངང་མེ་ལྷག་མ་རྣམས་བསད། མེ་གསོད་རླངས་འཁོར་སླེབས་རྗེས། ཝུན་ཧོའེ་ཤོན་གྱིས་ད་གཟོད་བློ་བདེ་པོའི་ངང་སྤྱི་སྤྱོད་རླངས་འཁོར་བཏང་སྟེ་དོན་རྐྱེན་ཐོན་ཡུལ་ནས་བྲལ།
2024ལོའི་ཟླ་11པར། ཝུན་ཧོའེ་ཤོན་གྱི་ཉེན་སྐྱོབ་མེ་གསོད་བྱ་སྤྱོད་དེ་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ལ་གཏན་འཁེལ་བྱས། ཝུན་ཧོའེ་ཤོན་གྱིས་བདེ་བླག་ངང་མེ་བསད་ནས་ཉེན་ཁ་བསལ་ཐུབ་པ་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་གྲོགས་སྤྱི་སྤྱོད་རླངས་འཁོར་ཀུང་སིས་རྒྱུན་གཏན་ནས་བདེ་འཇགས་སློབ་གསོ་བཏང་བ་དང་འཕྲལ་སྡོམ་རྩལ་ནུས་གསོ་སྦྱོང་བྱས་པར་ཁ་འབྲལ་ཐབས་མེད། “ཀུང་སིས་དུས་བཀག་ནང་མེ་ཟོན་བདེ་འཇགས་གསོ་སྦྱོང་དང་འཕྲལ་སྡོམ་ནང་སྦྱོང་བྱས་པས་ངས་མེ་གསོད་ཡོ་ཆས་སྤྱོད་སྟངས་ཤེས་བྱུང་། ད་རེས་ཉེན་ཁའི་གནས་ཚུལ་འཕྲད་སྐབས་རྩལ་ནུས་དེ་དག་གིས་ཕན་ཆེན་པོ་ཐོགས་སོང”ཞེས་ཝུན་ཧོའེ་ཤོན་གྱིས་མྱོང་བ་ཟབ་མོས་བཤད།
ཝུན་ཧོའེ་ཤོན་གྱི་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ལ་ཀུང་སིའི་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་། ད་དུང་ཟླ་བ་དེའི“ལས་སྒོའི་གདོང་ལེན་ལས་གནས”ལའང་བདམས་ཡོད། ཁོང་གི་བདེན་པའི་རྒྱབ་ལངས་ཀྱི་བྱས་རྗེས་དེ་དྲ་བའི་ཐོག་ཏུ་མྱུར་དུ་བརྒྱུད་སྤེལ་བྱུང་ནས་རྒྱ་ཆེའི་དྲ་གྲོགས་ཚོའི་གླེང་མོལ་བྱ་ཡུལ་དང་བསྔགས་བརྗོད་བྱེད་སར་གྱུར།
བདེན་པའི་རྒྱབ་ལངས་ནི་འགྲོ་བ་མིའི་ཀུན་སྤྱོད་ཁྲོད་ནས་འོད་མདངས་ལམ་ལམ་དུ་འཚེར་བའི་སྐར་ཆེན་དེ་ཡིན་ཞེས་བརྗོད་ཆོག སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་དཀྱུས་མ་ཝུན་ཧོའེ་ཤོན་གྱིས་བརྗིད་ཆེའི་གོ་ཆ་གྱོན་མེད་ནའང་། རང་ཉིད་ཀྱི་བློ་ཁོག་དང་འགན་སེམས་ལ་བརྟེན་ནས་མི་དཀྱུས་མའི་རླབས་ཆེན་གྱི་སྤྱོད་ལམ་གང་ལེགས་མངོན་ཡོད།