ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་འགལ་གཉེར་སྐྱོང་རླངས་འཁོར་ལ་ཞིབ་བཤེར་ནན་པོ་བྱས་པ།
འདི་ནི་ཁྲིམས་སྒྱུར་པས་གཉེར་སྐྱོང་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གི་ཁྲིམས་སྒྱུར་མི་སྣས་ཕར་འགྲོ་ཚུར་འོང་གི་གཉེར་སྐྱོང་རླངས་འཁོར་ལ་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་། ཁྲིམས་སྒྱུར་མི་སྣས་དྲ་འབོད་རླངས་འཁོར་ཞིག་གི་ཁ་བཀག་ནས་ཞིབ་བཤེར་བྱེད་སྐབས། རླངས་འཁོར་དེར་གཏན་འབེབས་དང་མཐུན་པའི་གཉེར་སྐྱོང་མཚོན་རྟགས་བསྒར་མེད་པ་ཤེས་རྟོགས་བྱུང་ནས་ཁ་ལོ་བར་སློབ་གསོ་བརྒྱབ་པ་དང་ཆབས་ཅིག གང་མགྱོགས་དག་ཐེར་བྱེད་དགོས་ལུགས་བརྗོད་པ་རེད།
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གི་རུ་ཆེན་བཞི་པའི་རུ་མི་བསྟན་འཛིན་བདེ་ལེགས་ཀྱིས་ངོ་སྤྲོད་བྱས་དོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིག》གི་དོན་ཚན་རེ་གསུམ་པའི་གཏན་འབེབས་གཞིར་བཟུང་། འགྲོ་ལམ་སྐྱེལ་འདྲེན་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་མེད་པར་རང་དགར་གཉེར་སྐྱོང་བྱས་རིགས་ལ་རྫོང་རིམ་པ་ཡན་གྱི་འགྲོ་ལམ་སྐྱེལ་འདྲེན་གྱི་དོ་དམ་སྒྲིག་གཞིས་གཉེར་སྐྱོང་བྱེད་མཚམས་འཇོག་དགོས་པའི་བཀའ་གཏོང་བ་དང་། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཆད་པ་ཐོབ་ཆའི་ལྡབ་2ནས་ལྡབ་10མན་གཅོད་རྒྱུ་དང་། ཉེས་གསོག་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད། གལ་ཏེ་རྒྱ་ཆེའི་གྲོང་མིར་ཁྲིམས་འགལ་གཉེར་སྐྱོང་གི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་ལམ་སེང་12345དང་ཡང་ན་12328ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱེད་དགོས།