དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དང་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-22

    ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ལ་ཞིབ་འཇུག་གནང་བ་དང་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལ“འགོ་ཚུགས་བཀྲ་ཤིས”བྱུང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། དུས་ཚིགས་གཉིས་པར་མུ་མཐུད“དཔལ་འབྱོར་བརྩོན་ལེན་དང་འཕེལ་རྒྱས་ལ་དམ་འཛིན”བྱས་ནས། ཕན་ཡོད་ཀྱི་གོ་སྐབས་ཡོད་ཚད་དམ་འཛིན་དང་། ཕན་ཡོད་ཀྱི་ཆ་རྐྱེན་ཡོད་ཚད་སྤྱོད་པ། སྲིད་ཇུས་སྔ་ཙམ་དོན་འཁྱོལ་གང་ཐུབ་བྱེད་པ། དམིགས་ཚད་ལས་འགན་དམ་འཛིན་ཏན་ཏིག་བྱེད་པ། ཐོག་མཐའ་བར་གསུམ་དུ་ལས་ཀའི་གཏན་འཁེལ་རང་བཞིན་ལ་བརྟེན་ཏེ་དུས་བབ་ཀྱི་ངེས་མེད་རང་བཞིན་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། སྲིད་ཇུས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་དཔག་ལ་ལུགས་མཐུན་ངང་ཁྲིད་སྟོན་བྱེད་པ་དང་། མ་འཇོག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་ལ་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕར་སྣོན་བར་མཐོངས་རྒྱ་ཆེར་གཏོང་བ། ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ། དམངས་འཚོ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་སྟེ་འཕྲལ་མར་སྒྲུབ་པའི་དངོས་འཛིན་དངོས་སྒྲུབ་བཅས་ལ་ཤུགས་སྣོན་བརྒྱབ་ནས། དཔལ་འབྱོར་བརྟན་པོའི་ངང་ལེགས་པའི་ཕྱོགས་སུ་འཕེལ་ཚུལ་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། དེ་ནི་གེགས་ཁུལ་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་རེད་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡང་རེད། སླར་གསོ་བསྐྱར་སྐྲུན་ལས་འགན་གྱི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དེ་བས་བདེ་འཇགས་དང་། དེ་བས་མཛེས་པ། དེ་བས་གནས་འཕྲོད་ལས་འཚམ་བཅས་ཀྱི་ཁྱིམ་གཞིས་གསར་པ་ཆུ་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཛུགས་སྐྲུན་བྱེད་དགོས། དམངས་འཚོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་དང་། སློབ་གྲྭ སྨན་ཁང་སོགས་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་སླར་གསོ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་གཏོང་དགོས། བསྐྱར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། བསྐྱར་སྐྲུན་བྱེད་སྟངས་དང་འཛུགས་སྐྲུན་གྱི་དུས་རིམ་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་པ། རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་འདོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ལས་འགོ་འཛུགས་པར་དམ་འཛིན་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དུས་བཀག་ལྟར་སྡོད་ཁང་གསར་པར་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་དོན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།