དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-22

    ● མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཞིང་། ཁོས་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་སྙན་སེང་ཉན་ཞིང་། ཝང་ཅུན་ཀྲེང་གིས། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ནུས་ཆེའི་སྒོ་ནས་སྤེལ་བས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་དམིགས་ཚད་ལས་འགན་མངོན་འགྱུར་བྱུང་ཡོད། མིག་སྔར་ཕྱོགས་ཡོངས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། ང་ཚོར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚད་མཐོའི་མཐོང་ཆེན་དང་བརྒྱུད་རིམ་ལྡན་པར་འཆར་འགོད་བྱས་ཏེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་དམིགས་ཚད། གཞི་རྩའི་རྩ་དོན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱེད་པའི་བྱ་སྤྱོད་དངོས་སུ་བརྩི་བ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ཞིབ་ཕྲའི་ལག་ལེན་ལ་བརྩིས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཐའ་མཚམས་མི་དམངས་ལ་སེམས་ཁུར་དང་གཅེས་སྐྱོང་གནང་ལུགས་ཚོར་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་ཐུབ་པར་བྱས་ཏེ། རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། གཙོ་གནད་འབུར་ཐོན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་ཟུང་འབྲེལ་དམ་ཟབ་དང་། མིག་སྔ་དང་ཕུགས་དང་། འབྱུང་སྲིད་པ་དང་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ནས། མང་ཚོགས་ཀྱི་སྡོད་གནས་དགོས་མཁོ་སོགས་ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་གཏོང་བ། གནད་གཅིག་ཚད་བརྒལ་ཡོང་བར་བྱས་ནས་ཁྱོན་ཡོངས་མཐོར་འདེགས་ལ་སྐུལ་ཁྲིད་བཅས་བྱས་ཏེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་མགྱོགས་མྱུར་སྐྲུན་དགོས། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་དང་མང་ཚོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ། བྱེད་ཐབས་མཉམ་སྤྱོད་དང་ཕྱོགས་བསྡུས་ཇུས་བསྟར་གྱིས་གཙོ་གནད་ཚོགས་སྤྱིར་དམ་པོར་དམིགས་ནས་རྩལ་ནུས་གསོ་སྦྱོང་དང་རྗེས་སྙེགས་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། འཚོ་རྟེན་ལས་སྤྲོད་སོགས་ཀྱི་བྱེད་ཐབས་བརྒྱུད་གནོད་འཚེ་ཕོག་པའི་མང་ཚོགས་ཐག་ཉེ་སར་ལས་ཞུགས་དང་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་ཇུས་ཁོང་དུ་ཆུད་པ་དང་འགན་འཁྲི་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས་དོན་འཁྱོལ་ནན་པོ་དང་། འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན། མ་དངུལ་འགན་སྲུང་ལ་ཤུགས་སྣོན། འབྲེལ་ཡོད་སྡེ་ཚན་གྱི་འགན་ནུས་འགན་འཁྲི་ནན་གཏོང་། གྲོང་ཁྱེར་དང་རྫོང་ཁོངས་གཏོགས་ཀྱི་འགན་འཁྲིར་ཤུགས་སྣོན་བཅས་བྱས་ནས། ཁ་ཕྱོགས་ཡང་དག་པ་དང་། མཉམ་ཤུགས་ཆགས་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། མི་དམངས་ལ་འགན་འཁུར་བ་དང་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་བཅངས་ཏེ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་། ལྟ་སྐུལ་དང་ལྟ་འདོམས་ནན་པོ། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེགས་རྩིས་བཤེར་དང་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྤུས་ཚད་དང་། མྱུར་ཚད། བདེ་འཇགས་བཅས་ལ་དམ་འཛིན་གྱིས་བློ་བདེའི་ལས་གྲྭ་ཧུར་ཐག་བསྐྲུན་ནས། མི་དམངས་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཏན་ཏིག་གཏོང་དགོས།

    ཚོགས་འདུའི་ཐོག་2024ལོའི་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་བྱས་ཚུལ་དང་2025ལོའི་དཔྱད་ཞིབ་དམིགས་ཚད་མ་ལག་དང་ལྗོངས་ཐད་གཏོགས་སྡེ་ཚན་གྱི་དམིགས་ཚད་ལས་འགན་གཏན་འབེབས་བྱས་ཚུལ་སྐོར་གྱི་སྙན་སེང་ཉན་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དཔྱད་ཞིབ་ནི་བྱ་ཐབས་ཤིག་ཡིན་ཞིང་། དེའི་དམིགས་ཚད་ནི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལས་ཀ་ལེགས་སུ་གཏོང་བ་དང་དེར་སྐུལ་འདེད་གཏོང་བར་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ལས་བྱེད་པའི་དཔྱད་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱར་དམ་འཛིན་ནན་པོ་བྱེད་པ། རང་རྟོགས་ངང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱོད་ཚུལ་བསྒྱུར་ནས་དངོས་སྒྲུབ་ལག་བསྟར་བཅས་བྱས་ཏེ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”ཀྱི་དོན་ཆེན་བཞི་དོན་འཁྱོལ་བྱེད་པའི་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། དཔྱད་ཞིབ་ཀྱི་ནང་དོན་དང་བྱེད་སྟངས་སྔར་བས་ལེགས་སུ་གཏོང་བ། སྐོར་ཞིབ་དང་། རྩིས་བཤེར། ལྟ་ཞིབ་སོགས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་བྱེད་རྒྱུར་མཐོང་ཆེན་བྱེད་པ། ས་ཁུལ་དེ་རང་དང་། མ་ལག་དེ་རང་། སྡེ་ཚན་དེ་རང་བཅས་ཀྱིས“དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་རིང་ཐོན་པའི་གནས་ཚུལ་གསར་པར་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ། དཔྱད་ཞིབ་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་དཔྱད་ཞིབ་ལ་བརྟེན་ནས་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ལས་དོན་དེ་བས་ཏན་ཏིག་ཡག་པོ་སྒྲུབ་པ་བཅས་བྱས་ནས་ས་ཁོངས་གཅིག་ལ་གཟི་བརྗིད་སྣོན་པ་མ་ཟད། སྤྱི་ཡོངས་ལ་ཡང་ལེགས་སྐྱེས་འབུལ་དགོས། སྤྱི་འདོམས་ཚད་ལྡན་ལ་ཤུགས་སྣོན་བརྒྱབ་ནས་སྟབས་བསྡུས་པ་དང་ལེགས་སུ་བཏང་བའི་གཞི་རིམ་དཔྱད་ཞིབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དཔྱད་ཞིབ་སྒྲིག་འཛུགས་ལག་བསྟར་ཚད་ལྡན་དུ་གཏོང་བ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་བརྒྱུད་རིམ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལོ་འཁོར་གྱི་འཆར་གཞི་དང་ཞིབ་མཆན་སྙན་སེང་ལམ་ལུགས་ལག་ལེན་ནན་པོ་བསྟར་བ། སྣ་མང་དཔྱད་ཞིབ་དང་། བསྐྱར་ཟློས་དཔྱད་ཞིབ། རྣམ་པ་འགྱུར་ནས་དཔྱད་ཞིབ་ཀྱི་དོན་ཚན་བཟོ་བ་བཅས་འགོག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་མཐུན་རྐྱེན་སྦྱོར་བ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ཁྲིད་སྟོན་བྱེད་པ། འགན་འཁྲི་འཁུར་བ་དང་དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས། གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལས་དོན་གྱི་སྲོལ་ཡིག》དོན་འཁྱོལ་ནན་པོ་བྱེད་པ་དང་། འདེམས་སྒྲུག་བསྐོ་སྤྱོད་དང་། གསོ་སྐྱོང་སློབ་གསོ། དོ་དམ་ལྟ་སྐུལ། སྐུལ་ལྕག་གཅུན་སྡོམ། འགན་འཁྲི་རྩད་གཅོད་དང་བདའ་འདེད་སོགས་ཀྱི་རྗེས་མཐུད་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་པ། ཚང་བཤེར་ཆད་གསབ་དང་ལེགས་བཅོས་མཐོར་འདེགས་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྣ་འདེམས་སྤྱོད་ཀྱི་སྟོན་ཕྱོགས་འཛུགས་པ། བྱ་དགའ་ཆད་གཅོད་ཁ་གསལ་མཐའ་འཁྱོངས་བྱེད་པ། འཇོན་པ་ཡར་བསྐོས་དང་། ལེགས་པར་བྱ་དགའ། མ་འཇོན་མར་ཕབ། ཐ་ཞན་ཕྱིར་ཕུད་བཅས་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་འཛུགས་པ་བཅས་བྱས་ཏེ། ལས་དོན་ཁག་དངོས་སུ་སྒྲུབ་པ་དང་ཕན་འབྲས་ཐོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།