རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུན་ཡུང་ཅེ་ཡིས་གསུངས་དོན།
ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་ཞབས་ཞུ་དང་འགན་སྲུང་བརྟན་པོ་བྱས་པར་ཐོབ་པའི་གྲུབ་འབྲས་ཐད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཆབ་མདོ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་སུན་ཡུང་ཅེ་ཡིས། “2024ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཁྲིམས་སྐྱོང་ཆབ་མདོ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་སྐྲུན་གྱི་དམིགས་ཚད་དང་ལས་འགན་གསར་པར་དམིགས་ཏེ་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་ལྟེ་བའི་གྲོང་ཁྱེར་ཕལ་པ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་པ་ཆེན་པོ་མཁོ་འདོན་བྱས་ཡོད”ཅེས་གསུངས་པ་རེད།
སུན་ཡུང་ཅེ་ཡིས་ངོ་སྤྲོད་གནང་དོན། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་གྱི་གཙོ་ཁྲིད་དགེ་རྒན་ཚོགས་པ་དང་། “དཔོན་རིགས་གསུམ”གྱི་གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པའི་གཙོ་ཁྲིད་དགེ་རྒན་ཚོགས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི“དཔུང་ཁག་གསུམ”སོགས་ཁྲིམས་ལུགས་ཁྱབ་གདལ་སྟོབས་ཤུགས་ལ་སྟབས་བསྟུན་དོ་དམ་བྱེད་པར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ཡོད་པ་དང། “བཅའ་ཁྲིམས་གསལ་རྟོགས་པ”གསོ་སྐྱོང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ་དྲ་ཐོག་ནས་གསོ་སྦྱོང་བྱས་པས། གྲོང་ཁྱེར་ཡོངས་སུ་ཁྱོན“བཅའ་ཁྲིམས་གསལ་རྟོགས་པ”4955གསོ་སྐྱོང་བྱས་པ་དང་གྲོང་ཚོ(སྡེ་ཁུལ)ཚང་མར“བཅའ་ཁྲིམས་གསལ་རྟོགས་པ”ཉུང་མཐར་ཡང་4ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། 2024ལོར། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རིམ་རྩིས་བརྒྱབ་ན། ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་ཁྲི་1.06ལྷག་ཙམ་སྤེལ་བ་དང་། མི་ཐེངས་ཁྲི་2.86ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲིར་ལན་བརྒྱབ་པ། སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་52.71ལྷག་ཙམ་ཟིན་ཡོད།
དེ་དང་ཆབས་ཅིག་སྤྱི་ཚོགས་བཅོས་སྐྱོང་གཏིང་ཟབ་བྱས་ནས་དུས་བདེའི་ཆབ་མདོ་འཛུགས་གཏོད་ལ་སྐུལ་འདེད་བཏང་ཞིང་། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས། སྲིད་འཛིན་འདྲི་གཅོད་དང་སྲིད་འཛིན་བསྐྱར་གྲོས་ཞུ་ལན་གྱི་མཐུན་སྦྱོར་འབྲེལ་གཏུག་ལམ་སྲོལ་བཙུགས་ཡོད་ཅིང་། “ལས་བྱེད་པ་སྟོང་གྲོང་ཚོ་སྟོང་དུ་བསྐྱོད་པ་དང་། འགལ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ཡང་བསྐྱར་གྲལ་བཤེར་བྱེད་པའི”ཆེད་དོན་བྱེད་སྒོ་མུ་མཐུད་སྤེལ་ནས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་1153གྲོང་ཚོར(སྡེ་ཁུལ)བརྟན་ལྷིང་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་ཁག་1358གྲལ་བཤེར་བྱེད་པར་བསྐྱོད་དེ་གནད་དོན་ཁག་1315བསལ་ཡོད།