མེ་ཟོན་དྲིལ་བསྒྲགས་བྱས་ནས་ཁེ་ལས་ཀྱི་བདེ་འཇགས་འགག་སྒོ་ནན་པོ་བསྲུངས་བ།
གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁེ་ལས་ལ་མེ་ཟོན་བདེ་འཇགས་ཀྱི་སློབ་གསོ་གསོ་སྦྱོང་གི་བྱེད་སྒོ་སྤེལ་བ།
ཁེ་ལས་ཀྱི་ལས་མིའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་དང་རང་ཟོན་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ཁེ་ལས་ལ་མེ་ཟོན་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་ཞིག་སྐྲུན་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གདན་ཞུས་ལྟར་གཞིས་རྩེ་གྲོང་ཁྱེར་ལྗའུ་ཁྲང་ཉོ་སྒྲུབ་ལྟེ་གནས་སུ་བསྐྱོད་ནས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་མི་འདྲ་བའི་མེ་ཟོན་བདེ་འཇགས་ཀྱི་སློབ་གསོ་གསོ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད།
ཞིབ་བཤེར་བྱས་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ། བྱེད་སྒོ་འགོ་ཚུགས་སྐབས། དྲིལ་བསྒྲགས་པས་ཁེ་ལས་ཀྱི་ལས་མི་སྒྲིག་འཛུགས་བྱས་ནས་དམིགས་བསལ་གྱི་མེ་ཟོན་བདེ་འཇགས་ཞིབ་བཤེར་ཐེངས་གཅིག་བྱས་ཡོད། ཞིབ་བཤེར་བྱེད་རིང་། དྲིལ་བསྒྲགས་པས“གསལ་འགྲེལ་པའི”མིང་ཐོག་ནས་ས་གནས་ས་ཐོག་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་གོ་བདེ་ཤེས་སླའི་སྒོ་ནས་རྒྱུན་གཏན་གྱི་མེ་ཟོན་སྐོར་གཡེང་གི་གཙོ་གནད་དང་། མེ་ཟོན་སྒྲིག་ཆས་ཉམས་བཟོ་དང་བདག་སྐྱོང་བྱེད་སྟངས། མེ་ཐོག་མར་འབར་སྐབས་གསོད་ཐབས་དང་དེ་བཞིན་མི་ཁ་འགྲེམས་དང་སྲོག་ཉེན་ལས་གཡོལ་ཐབས་སོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད།
སྦྱོང་བརྡར་དམག་འཐབ་དངོས་ལ་བརྩིས་ནས་དངོས་འཐབ་ཀྱི་འཇོན་ཐང་ཆེ་རུ་བཏང་བ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་ནས་སྦྱངས་པ་གོ་ཆོད་ཡོང་བར་བྱས་པ་དང་། དེ་རྗེས་དྲིལ་བསྒྲགས་པས་ལས་མི་ཡོངས་སྒྲིག་འཛུགས་ཀྱིས་མེ་སྐྱོན་ལྗོངས་རྣམ་འདྲ་བཟོ་བྱས་ནས་མེ་གསོད་ཐབས་དང་འཕྲལ་སྡོམ་ཁ་འགྲེམས་བྱེད་སྟངས་ནང་སྦྱོང་བྱས་ཡོད། ནང་སྦྱོང་བྱེད་རིང་། ལས་གནས་ཁག་ཏུ་ཡོད་པའི་ལས་མིས་རང་སོའི་ལས་འགན་ཁ་གསལ་དང་། འཕྲལ་མར་བརྡ་ལན་སྤྲོད་པ། གཞོགས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ནས་ནང་སྦྱོང་གི་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་ཡོད།
སྦྱོང་བརྡར་གྱིས་འགོག་སྲུང་ལ་སྐུལ་འདེད་བཏང་ནས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ། ལས་མི་ཚོས་མེ་ཟོན་ཡོ་ཆས་སྤྱོད་སྟངས་ཁོང་དུ་ཡག་པོ་ཆུད་པ་བྱ་ཆེད། དྲིལ་བསྒྲགས་པས་ས་གནས་ས་ཐོག་ཏུ་མེ་གསོད་ཡོ་ཆས་དང་། ཁང་ཕྱིའི་མེ་གསོད་སྒྲིག་ཆས་སོགས་མེ་ཟོན་ཡོ་ཆས་སྤྱོད་སྟངས་གསོ་སྦྱོང་བྱས་པ་རེད།
བགྲོ་གླེང་བྱས་ནས་བསམ་བློར་སྐུལ་འདེད་བཏང་སྟེ་མཉམ་དུ་བདེ་འཇགས་ཀྱི་འགོག་རགས་བསྐྲུན་པ། དྲིལ་བསྒྲགས་པས་ཁེ་ལས་ཀྱི་ལས་མི་དང་མཉམ་དུ“ཁེ་ལས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་ཇི་ལྟར་བྱས་ནས་ཡག་པོ་སྒྲུབ་པའི”སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད། གྲོས་བསྡུར་བྱེད་རིང་། ལས་མི་ཚོས་གཏམ་བཤད་ལྷུག་པོར་སྤེལ་ནས་བསམ་འཆར་དང་གྲོས་འགོ་རྩ་ཆེན་མང་པོ་བཏོན་ཡོད།
ད་ཐེངས་ཀྱི་མེ་ཟོན་བདེ་འཇགས་སློབ་གསོའི་གསོ་སྦྱོང་བྱེད་སྒོ་སྤེལ་རིང་། ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་མང་བས། ཁེ་ལས་ཀྱི་ལས་མིའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་སྲུང་རང་སྐྱོབ་ཀྱི་འཇོག་ཐང་ཆེ་རུ་ཕྱིན་ནས་ཁེ་ལས་ལ་མེ་ཟོན་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད།