རང་ལྗོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས།
“གྲལ་བཤེར་བྱ་སྤྱོད”ཀྱི་དྲིལ་བསྒྲགས་སློབ་གསོའི“གདོང་མཆོང་དུང་བརྡ”གྲགས་པ།
འདི་ནི་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཅུས་ཀྱིས་མཁོ་འདོན་བྱས།
མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་དང་བདེ་འཇགས་དང་གོ་རིམ་ལྡན་པ། ཐོགས་མེད། འཆམ་མཐུན་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བསྐྲུན་ཆེད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཉེ་དུས་རང་ལྗོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གཙོ་གནད་ཐོག་རླངས་འཁོར་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན“གྲལ་བཤེར་བྱ་སྤྱོད”ཀྱི་ཆེད་དོན་ལས་དོན་སྤེལ་བ་རེད།
ཞིང་འབྲོག་མང་ཚོགས་ཀྱི་ཁ་ལོ་བའི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རུ་ཆེན་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་བྱེ་ནུབ་གྲོང་ཚོར་བསྐྱོད་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ་བྱ་སྤྱོད”ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྐོར་སྐྱོད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ཆེད་དོན་བྱ་སྤྱོད་སྤེལ་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རྒྱ་ཆེའི་གྲོང་གསེབ་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་སྤྱིར་ན་ཟབ་པོ་མེད་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ལོ་གསར་གོང་གི་ཉོ་སྒྲུབ་དང་ཕ་ཡུལ་དུ་ལོག་མཁན་སོགས་མི་ཚོགས་ཁག་གཅིག་གི་ཁྱད་ཆོས་ལ་དམིགས་ནས། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་དྲིལ་བསྒྲགས་རི་མོ་དང་། དཔེ་དེབ། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཁ་ལོ་བ་རྣམས་ལ་དུས་ཚོད་ཡོལ་ནས་ཞིབ་དཔྱད་མ་བྱས་པ་དང་། དུས་ཚོད་ཡོལ་ནས་རྙིང་དོར་མ་བྱས་པ། སྦག་སྦག་གཏོང་སྐབས་རྨོག་ཞྭ་མི་གྱོན་པ། འཁོར་གསུམ་རྐང་འཁོར་ནང་ཁྲིམས་འགལ་ངང་མི་བླུགས་པ། མེན་པའོ་རླངས་འཁོར་ནང་མི་ཚད་ལས་བརྒལ་བ་བླུགས་པ་སོགས་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་གྱི་ཉེན་ཆེའི་རང་བཞིན་དང་འབྲེལ་ཡོད་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་ཡ་རབས་ངང་རླངས་འཁོར་གཏོང་བའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། འགྲོ་ལམ་འགྲིམ་འགྲུལ་དོན་རྐྱེན་འབྱུང་རྩ་ནས་སྔོན་འགོག་དང་འགྲོ་བདེ་བ་དང་གོ་རིམ་ལྡན་པའི་འགྲོ་སྐྱོད་ཁོར་ཡུག་བསྐྲུན་ཞིང་། “གྲལ་བཤེར་བྱ་སྤྱོད”བཀོད་སྒྲིག་བྱས་པ་ནས་བཟུང་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉེན་རྟོག་པ་736སྒྲིག་འཛུགས་བྱས་ནས་ཞིང་འབྲོག་ཁུལ་དུ་བསྐྱོད་ནས་དྲིལ་བསྒྲགས་ཐེངས་337བྱས་པ་དང་། དྲིལ་བསྒྲགས་དྲན་སྐུལ་བྱང་བུ་3976སྤྲད་པ། “གནས་གཏད་གནས”ཀྱི་གཅིག་སྡུད་དྲན་སྐུལ་ཐེངས་54བྱས་པ། དྲན་སྐུལ་འཕྲིན་ཐུང་ཁྲི་11.2བཏང་བ་རེད།
འགྲུལ་སྐྱེལ་དང་ཟོག་འདྲེན་ཁེ་ལས་ཀྱི་ཁོ་ལོ་བའི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་བ།
ཉེ་ཆར། མངའ་རིས་འགྲིམ་འགྲུལ་ཉེན་རྟོག་པས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གཙོ་གནད་འགྲུལ་སྐྱེལ་ཟོག་འདྲེན་ཁེ་ལས་སུ་བསྐྱོད་དེ་ངོ་ཐུག་གདོང་འཕྲད་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་རེད།
བྱ་སྤྱོད་སྤེལ་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་འགྲུལ་སྐྱེལ་ཁེ་ལས་དང་། ཐག་རིང་འགྲུལ་སྐྱེལ་ས་ཚིགས། ཉེན་ཆེའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་ཁེ་ལས་སོགས་གཙོ་གནད་སྐྱེལ་འདྲེན་ཁེ་ལས་སུ་སྐྱོད་དེ་ཁེ་ལས་ཀྱི་འགན་འཁུར་བ་དང་། བདེ་འཇགས་པ། ཁ་ལོ་བ་བཅས་སྒྲིག་འཛུགས་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སློབ་སྦྱོང་བྱས་པ་རེད། “གྲལ་བཤེར་བྱ་སྤྱོད”བཀོད་སྒྲིག་བྱས་པ་ནས་བཟུང་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲུལ་སྐྱེལ་ཁེ་ལས་དང་། ཐག་རིང་འགྲུལ་སྐྱེལ་ས་ཚིགས། ཉེན་ཆེའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་ཁེ་ལས་བཅས་ལ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་དཔྱད་གཞི་4270སྤྲད་པ་དང་། ཁེ་ལས་ཀྱི་འགན་འཁུར་བ་དང་བདེ་འཇགས་དོ་དམ་འགན་འཁུར་བར“ངོ་ཐུག་གདོང་འཕྲད”ཀྱི་སྤེལ་རེས་ཐེངས་45བྱས་པ་དང་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་གསོ་སྦྱོང་ཐེངས་15བྱས་པ་རེད།
སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་་འདུ་ཤེས་ཟབ་ཏུ་བཏང་བ།
“ལམ་གྱི་གནས་ཚུལ་གསར་ཤོས། གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་གཞིས་རྩེའི་འགྲོ་ལམ་མང་པོ་ཞིག་ལ་བཀག་སྡོམ་ཚོད་འཛིན་མེད་པ་བཟོས་ནས་འགྲོ་སྐྱོད་སླར་གསོ་ཐུབ་ཡོད”ཉེ་ཆར། གནམ་གཤིས་ཀྱིས་རྐྱེན་པས་གཞིས་རྩེ་གྲོང་ཁྱེར་གྱི་སྐྱིད་གྲོང་དང་། གཉའ་ནང་། གཏིང་སྐྱེས། དིང་རི་སོགས་ཀྱི་ལམ་དུམ་ཁ་ཤས་ལ་འགྲིམ་འགྲུལ་བཀག་སྡོམ་ཚོད་འཛིན་བྱས་ཡོད། རྒྱ་ཆེའི་གྲོང་མི་མང་ཚོགས་ཚོས་ལམ་ངོས་གནས་ཚུལ་གྱི་ཆ་འཕྲིན་སྔ་ཙམ་ཤེས་རྟོགས་ཐུབ་པ་བྱ་ཆེད། ཉིན་དེར“བོད་ཀྱི་འགྲིམ་འགྲུལ་ཉེན་རྟོག་པའི”སྤྱི་རྟགས་ཐོག་འགྲིམ་འགྲུལ་བཀག་སྡོམ་ཚོད་འཛིན་གནས་ཚུལ་དང་འགྲོ་སྐྱོད་སླར་གསོའི་སྤྱི་བསྒྲགས་འཕྲལ་མར་བཏང་སྟེ། རྒྱ་ཆེའི་ཁ་ལོ་བ་དང་དེ་བཞིན་འགྲོ་འོང་བྱེད་མཁན་གྱིས་གནམ་གཤིས་གནས་ཚུལ་ལ་དོ་ཁུར་དང་ཕྱིར་སྐྱོད་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ“མྱུར་ཚད་དལ་དུ་གཏོང་བ་དང་། བར་ཐག་ལ་ཚོད་འཛིན་བྱེད་པ། ལྡོག་འོད་སྦྱར་ཚིག་སྦྱོར་བ”བཅས་བློ་ལ་བརྟན་པོར་ངེས་ནས་བདེ་འཇགས་དང་གཟབ་ནན་ངང་རླངས་འཁོར་གཏོང་དགོས་པའི་དྲན་སྐུལ་བྱས་ཡོད།
“གྲལ་བཤེར་བྱ་སྤྱོད”བཀོད་སྒྲིག་བྱས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས“དཔོད་ཕྲན་དང་སྐད་འཕྲིན་དང་། ཁྱུག་དབྱིངས། མྱུར་བཤེར”བཅས་བརྒྱུད“ཉེན་ཚབས་ཆེ་རིགས་ཁེ་ལས”59དང་།“ཉེན་ཆེའི་འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་རླངས་འཁོར”4538 ཁྲིམས་འགལ་བྱེད་སྤྱོད་109 ཉེན་ཆེའི་ལམ་དུམ་དང་ལས་འཛོལ་ཐོན་མང་བའི་ལམ་དུམ་44བཅས་དམར་འདོན་བྱས་པ་རེད།