དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྙེ་མོ་རྫོང་གིས་སྒོ་རྩར་བསྐྱོད་དེ་ཞིང་འབྲོག་པར་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-15

    འདི་ནི་ལག་ཁྱེར་གཉེར་མཁན་ཞིང་འབྲོག་པས་ཐོབ་ཐང་ཆ་འཕྲིན་བླུགས་བཞིན་པ།

    ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པའི་རྨང་གཞི་བརྟན་དུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གྲོང་གསེབ་ཏུ་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་གཉེར་བར་བསྐྱོད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། ལས་དོན་ཁག་ལ་ཕྱོགས་ཡོངས་དང་ཟུར་ཚད་མང་པོས་སྐུལ་འདེད་ཏན་ཏིག་བཏང་ཡོད།

    བྱེད་སྒོ་སྤེལ་རིང་། ཤང་དང་གྲོང་རྡལ་ཁག་གི་རིགས་པའི་གཞུང་ལུགས་གཅིག་སྡུད་སློབ་སྦྱོང་བྱ་ཡུལ་དུ་མང་ཚོགས་ཀྱིས་རང་འགུལ་ངང《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྦྱོང་སློབ་གཞི》བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད་ཅིང་། ཁོང་ཚོས་ཕན་ཚུན་འགྲིམ་འགྲུལ་མཚོན་རྟགས་འགྲེལ་བཤད་རྒྱག་པ་དང་། ཆང་བཏུངས་འཁོར་གཏོང་གི་གནོད་འཚེའི་སྐོར་གླེང་བ་སོགས་སློབ་སྦྱོང་གི་རྣམ་པ་ཟབ་པ་དང་ཆབས་ཅིག མང་ཚོགས་ཀྱི་རིག་གནས་རྨང་གཞི་ཞན་པ་དང་སྐད་ཡིག་གོ་བ་ལེན་པའི་ཧེ་བག་སོགས་ཀྱི་གནད་དོན་ལ་དམིགས་ནས། སྙེ་མོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས“ཇ་བསྲུབས་མའི་སློབ་ཁང”གི་ཞབས་འདེགས་ཞུ་ཐབས་གསར་གཏོད་བྱས་ནས་བཏོན་པ་དང་། བོད་ཡིག་སློབ་ཁྲིད་རུ་ཁག་བཙུགས་ནས་མང་ཚོགས་དང་མཉམ་དུ་ཇ་བསྲུབས་མ་འཐུང་བཞིན་འགྲིམ་འགྲུལ་སྒྲིག་སྲོལ་གྱི་དོན་ཚན་དག་བསླབ་སྟེ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། ད་ལོ་ཚུན། ཞིང་འབྲོག་པ་542རིགས་པའི་གཞུང་ལུགས་སློབ་སྦྱོང་ནང་ཞུགས་པ་དང་མི་ཐེངས་742རིག་ཚན་ཁག་གི་ཡིག་རྒྱུགས་ནང་ཞུགས་ཏེ་ཡིག་རྒྱུགས་ལོན་ཚད་75%ཡན་ཟིན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། སྙེ་མོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་གྱི་རྒྱུགས་ར་ཤང་དང་གྲོང་རྡལ་དུ་བཀོད་སྒྲིག་བྱས་ནས། གྲོང་གསེབ་ཏུ་ཡིག་རྒྱུགས་གཏོང་བར་བསྐྱོད་པ་བརྒྱུད། ཡིག་རྒྱུགས་གཏོང་བའི་ལྷུ་ཚིགས་ཀྱི“ལས་དོན་སྒྲུབ་དཀའ་བ་དང་། ལས་དོན་སྒྲུབ་འགོར་བ། ཕར་འགྲོ་ཚུར་འོང་བྱེད་པ”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་དང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཞབས་ཞུའི“མཐའ་མའི་འགག་གནད”སྔར་བས་ཤར་གཏོང་ཐུབ་སྟེ་མང་ཚོགས་ཀྱིས་འགྲིམ་འགྲུལ་དོ་དམ་སྒྱུར་བཅོས་ལས་ཐོབ་པའི་སྟབས་བདེ་དེ་བས་ཚོར་ཐུབ་པ་བྱུང་ཡོད། ཁྱིམ་གྱི་སྒོ་རྩར་ཁ་ལོ་བའི་ཡིག་རྒྱུགས་གཏོང་བར་བསྐྱོད་པ་དེས་མང་ཚོགས་ཀྱི་འགྲོ་སྐྱོད་དང་ལག་ཁྱེར་གཉེར་བའི་དཀའ་གནད་ཐག་གཅོད་ཐུབ་པ་མ་ཟད། འགྲིམ་འགྲུལ་བདེ་འཇགས་ཁྲིམས་སྲོལ་གངས་ལྗོངས་ཀྱི་གྲོང་གསེབ་ཏུ་སྔར་བས་རྩ་བ་ཚུགས་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།