དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དཀའ་བ་དང་དུ་བླངས་ནས་སྐོར་ཞིབ་ལམ་དུ་ཆས།

    ​མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གི་མཐའ་མཚམས་སྐོར་ཞིབ་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-15

    འདི་ནི་དཔོན་དམག་ཚོས་རི་སྟེང་དུ་རྒྱལ་དར་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ། ཟླ་གསུམ་པར་ཞོགས་པའི་སྐྱ་མདའ་བཏང་ནའང་། མངའ་རིས་ས་མཐོར་སྔར་བཞིན་གྲང་ངར་ཆེན་པོ་ཡོད།

     ཁུ་སིམ་པའི་མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གི་སྒར་ཁུལ་དུ་འཛོམས་བརྡ་བཏང་། དཔོན་དམག་རྣམས་མགྱོགས་མྱུར་ཡར་ལངས་ཏེ་བྱང་ཆ་ལྡན་པའི་སྒོ་ནས་དམག་ཆས་གྱོན་ཏེ། གོ་མཚོན་དང་སྒྲིག་ཆས་ལ་ཞིབ་བཤེར་ཞིབ་ཕྲ་བྱས། 

    ཉིན་དེར་ཁོང་ཚོ་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ལ་ཉག་ཞིག་ཏུ་སྐོར་ཞིབ་བྱེད་དགོས་ཀྱི་ཡོད། དེ་གའི་ས་དབྱིབས་རྙོག་འཛིང་ཆེ་ལ་གནམ་གཤིས་འགྱུར་ལྡོག་ཆེན་པོ་ཡོད། ལོ་ལྟར་གངས་འཁྱགས་ཀྱིས་བཀླུབས་པ་མ་ཟད། གངས་རྡིབ་དང་རི་ཉིལ་བ་སོགས་རང་བྱུང་གི་གནོད་འཚེ་མང་པོ་ཐོན་གྱི་ཡོད་པས་མཐའ་སྲུང་དོ་དམ་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། 

    བློ་མཐུན་ཚོ། ད་ཐེངས་ཀྱི་སྐོར་ཞིབ་ལས་འགན་དཀའ་ཚེགས་ཆེ་ཞིང་ཁོར་ཡུག་ཞན་པོ་ཡོད་མོད། འོན་ཀྱང་ང་ཚོས་ངེས་པར་དུ་ལས་འགན་དེ་ལེགས་སྒྲུབ་བྱེད་དགོས”ཞེས་ལེན་ཀྲང་གི་སྐུལ་སློང་ལས་དཔོན་དམག་རྣམས་ལ་ངར་ཤུགས་ཆེན་པོ་སྐྱེས། དཔོན་དམག་ཚོས་རུ་སྟར་བསྒྲིགས་ཤིང་མིག་ཟུང་ནས་ཞུམ་མེད་ཀྱི་བློ་སྟོབས་དང་ཆོད་སེམས་བརྟན་པོ་མངོན་བཞིན་མཆིས།

     བཀོད་འདོམས་པས་བཀའ་ཕབ་པ་དང་བསྟུན་ནས། སྐོར་ཞིབ་རླངས་འཁོར་དལ་བུར་སྒར་ཁུལ་ནས་ཐོན། དུས་ཚིགས་འདིར་མངའ་རིས་ས་མཐོའི་དྲོད་ཚད་ཧ་ཅང་དམའ་བ་དང་། འགྲོ་ལམ་མང་པོར་འཁྱགས་པ་ཐེབས་པས་རླངས་འཁོར་རྟག་ཏུ་འདྲེད་བརྡར་ཤོར་ནས་འགྲོ་སྐྱོད་ཧ་ཅང་ཁག་པོ་ཡོད། བདེ་འཇགས་འགན་ལེན་བྱ་ཆེད། དཔོན་དམག་ཚོས་རླངས་འཁོར་ལས་བབས་ནས་རྐང་ཐང་མར་སྐྱོད་ཀྱི་ཡོད། བར་ཐག་ངེས་ཅན་ཞིག་ལ་སྐོར་ཞིབ་བྱས་རྗེས། གློ་བུར་དུ་ཁ་བ་བུ་ཡུག་འཚུབ་ནས་དེ་བས་ཉེན་ཁ་ཆེ་རུ་སོང་ཡོད། དྲོད་ཚད་གློ་བུར་དུ་ཆག་སྟེ་ཚང་མའི་ལག་པ་འཁྱགས་ཐག་ཆོད་ནས་སྐབས་ཤིག་རིང་ཚོར་སྣང་མེད་པར་གྱུར།

     གཟར་ཚད་ཏུའུ་50ཙམ་ཡོད་པའི་རི་གཟར་ཞིག་ཏུ་སྐོར་ཞིབ་བྱེད་སྐབས། གངས་མཐུག་ཚད་པུས་མོ་བར་བབས་པས། དཔོན་དམག་ཚོས་ལམ་འགྲམ་གྱི་བྲག་རྡོ་དང་སྔོ་ཁེབས་ལ་དམ་པོར་བཟུང་ནས་དལ་བུར་འཛེག་རྒྱུ་ལས་ཐབས་གཞན་མེད། 

    མཐོ་རིམ་དམག་མི་ཝུའེ་ཧྲི་ཡིའུ་ཡར་འཛེག་སྐབས་གློ་བུར་དུ་འདྲེད་བརྡར་ཤོར་བས་པན་ཀྲང་མཱ་ཡུང་གིས་མགྱོགས་མྱུར་ཁོ་པ་ཚུར་འཐེན། “ཚང་མས་གཟབ་གཟབ་བྱས་ཏེ་ལྷོད་གཡེང་གཏན་ནས་བྱེད་མི་རུང”ཞེས་མཱ་ཡུང་གིས་ཤོད་ཀྱིན་ཚང་མའི་སྣེ་ཁྲིད་དེ་མུ་མཐུད་རི་ལ་འཛེགས་པ་རེད། 

    མཐར་ཆུ་ཚོད་དྲུག་རིང་དཀའ་ཚེགས་ཆེན་པོས་བསྐྱོད་རྗེས། དཔོན་དམག་ཚོས་རི་ལམ་ཀྱག་ཀྱོག་དང་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་ཁོར་ཡུག་ལ་ཁྱད་བསད་བྱས་ཏེ་རི་ཀླུང་བརྒལ་ནས་སྐོར་ཞིབ་དཔུང་ཁག་དམིགས་སར་འབྱོར་ཡོད། འཐབ་འཛིང་པ་ཚོས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཁྱེར་ནས་གངས་རླུང་གི་ཁྲོད“ང་ལངས་སའི་ས་ཆ་ནི་ཀྲུང་གོ་ཡིན་པས། ངས་རང་ཉིད་ཀྱི་ཚེ་སྲོག་ལ་བརྟེན་ནས་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་པའི་དམ་བཅའི་ཚིག་དེ་རི་ཀླུང་ཀུན་ཏུ་གྲགས། མཐའ་སྲུང་དཔོན་དམག་གིས་མེས་རྒྱལ་གྱི་མངའ་ཁོངས་བདག་དབང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པ་མ་ཟད། ཁོང་ཚོས་མེས་རྒྱལ་དང་མི་དམངས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་སེམས་ཀྱང་མཚོན་ཡོད། 

    སྐོར་ཞིབ་བྱེད་པའི་ཉིན་དེར་དམག་གསར་ཏང་ཀྲེང་ཧུའེ་ལོ་21ལ་སླེབས་པའི་སྐྱེས་སྐར་དང་ཏག་ཏག་འཁེལ་ཞིང་། མཱ་ཡུང་གིས་གསར་འགོད་པར“སྐོར་ཞིབ་ལམ་བུའི་ཆ་རྐྱེན་དཀའ་ཚེགས་ཆེ་རུང་། ང་ཚོས་བར་གསེང་གི་ངལ་གསོའི་དུས་ཚོད་ནང་གངས་ཆུས་སྟབས་བདེའི་ཐུག་པ་བསྐོལ་བ་དང་བྱ་ཤ་སྤྲད་པ་མ་ཟད། ད་དུང་གངས་ཀྱི་ཀེག་གཅིག་བཟོས་ཏེ་ཁོང་ལ་བུ་ཡུག་ཁྲོད་བརྗེད་པར་དཀའ་བའི་སྐྱེས་སྐར་ཞིག་བཏང་བ་ཡིན”ཞེས་བཤད། 

    གངས་རླུང་ཁྲོད་སྐོར་ཞིབ་བྱེད་ཐེངས་རེ་ནི་ང་ཚོའི་ངོས་ནས་བརྗོད་ན་མི་ཚེའི་འཚར་ལོངས་ཀྱི་བརྒྱུད་རིམ་གཞན་ཞིག་རེད། མཐའ་སྲུང་གི་དུས་ཡུན་རིང་པོའི་ལོ་ཟླའི་ནང་གནས་ཚུལ་དེ་རིགས་སྔ་ས་ནས་ཁོང་ཚོའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། ཁོང་ཚོས་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་མེས་རྒྱལ་ལ་བཅངས་པའི་ཟོལ་མེད་བརྩེ་སེམས་མཚོན་པར་བྱས་ཡོད། སྐོར་ཞིབ་བྱེད་ཐེངས་རེ་རེ་ནི་མེས་རྒྱལ་གྱི་མངའ་ཁོངས་བདག་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་ཞིག་རེད་ལ། མི་དམངས་ཀྱི་བདེ་སྐྱིད་འཚོ་བར་སྲུང་སྐྱོང་བྱས་པ་ཞིག་ཀྱང་རེད། མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གི་དཔོན་དམག་ཚོས་དེ་ལྟར་ཉིན་དང་ལོ་བཞིན་མེས་རྒྱལ་གྱི་མཐའ་སྲུང་ལམ་ཐིག་ཏུ་སྐོར་ཞིབ་བྱས་པ་དང་། རྐང་ཐང་མར་མེས་རྒྱལ་གྱི་མངའ་ཁོངས་ས་ཆར་བསྐྱོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་མཐའ་སྲུང་དམག་མིའི་ལས་འགན་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།