དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ནུས་པ་མེད་པའམ་ཕྱིར་འཐེན་བྱས་རྗེས་གཉེན་སྒྲིག་ལ་མཇུག་འབྲས་གང་དག་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-15

    དོན་ཚན་ཆིག་སྟོང་དང་ང་བཞི་པ། ནུས་པ་མེད་པའམ་ཕྱིར་འཐེན་བྱས་པའི་གཉེན་སྒྲིག་ལ་ཐོག་མ་ཉིད་ནས་བཅའ་ཁྲིམས་ཀྱི་འཆིང་ནུས་མེད་པ་དང་། དོ་བདག་ལ་ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་ཡང་མེད་པ་ཡིན། འགབ་མཐུན་མཉམ་སྡོད་བྱེད་རིང་ཐོབ་པའི་རྒྱུ་ནོར་དེ་དོ་བདག་དབར་གྲོས་མཐུན་བྱས་ནས་ཐག་གཅོད་བྱེད་དགོས། གྲོས་ཁ་མ་མཐུན་ན། མི་དམངས་ཁྲིམས་ཁང་གིས་ནོར་འཛོལ་མེད་མཁན་ཕྱོགས་ལ་ལྟ་རྟོག་བྱེད་པའི་རྩ་དོན་གཞིར་བཟུང་ནས་དཔྱད་མཚམས་གཏོང་དགོས། གཉེན་སྒྲིག་བརྩེགས་མ་བྱས་པའི་རྐྱེན་གྱིས་ནུས་པ་མེད་པར་གྱུར་བའི་གཉིན་སྒྲིག་གི་རྒྱུ་ནོར་ཐག་གཅོད་བྱེད་སྐབས་ཁྲིམས་མཐུན་གཉེན་སྒྲིག་དོ་བདག་གི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག དོ་བདག་ལ་སྐྱེས་པའི་བུ ཕྲུག་སྐོར་ལ་བཅའ་ཁྲིམས་འདིའི་ཕ་མ་དང་བུ་ཕྲུག་སྐོར་གྱི་གཏན་འབེབས་སྤྱད་འཐུས། གཉེན་སྒྲིག་ལ་ནུས་པ་མེད་པའམ་གཉེན་སྒྲིག་ཕྱིར་འཐེན་བྱེད་ཚེ། ནོར་འཛོལ་མེད་མཁན་ཕྱོགས་ལ་གནོད་རྐྱེན་སྐྱིན་གསབ་བྱེད་དགོས་པའི་རེ་འདུན་འདོན་དབང་ཡོད།

    ཁྲིམས་ལུགས་འཆད་སྟེགས།

    གཉེན་སྒྲིག་ལ་ནུས་པ་མེད་པའམ་ཕྱིར་འཐེན་བྱས་རྗེས་གཤམ་གསལ་བཅའ་ཁྲིམས་གྱི་མཇུག་འབྲས་ཁག་ལྔ་ཡོད་དེ། གཅིག་ནི་གཉེན་སྒྲིག་ལ་ཐོག་མ་ནས་བཅའ་ཁྲིམས་ཀྱི་ནུས་པ་མེད་པ་སྟེ། དོ་བདག་གཉེན་སྒྲིག་བྱེད་སྐབས་གཉེན་སྒྲིག་ལ་ཁྲིམས་ནུས་མེད་པར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་མི་ཐོབ་པ་དང་། གཉིས་ནི་དོ་བདག་དབར་ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་མེད་པ་དཔེར་ན། ཕན་ཚུན་རྒྱུ་ནོར་ཤུལ་འཛིན་བྱེད་དབང་མི་ལྡན་པ་དང་ཕན་ཚུན་དབར་གསོ་སྐྱོང་གི་འོས་འགན་ཁུར་མི་དགོས་པ་སོགས་ལྟ་བུའོ། གསུམ་ནི་འགབ་མཐུན་མཉམ་སྡོད་བྱེད་རིང་ཐོབ་པའི་རྒྱུ་ནོར་སྔོན་ལ་གྲོས་མཐུན་བཞག་ནས་ཐག་གཅོད་བྱེད་དགོས་པ་དང་གྲོས་ཁ་མ་མཐུན་ན། ཁྲིམས་ཁང་གིས་ནོར་འཛོལ་མེད་མཁན་ཕྱོགས་ལ་ལྟ་རྟོག་བྱེད་པའི་རྩ་དོན་གཞིར་བཟུང་ནས་བགོ་བཤའ་རྒྱག་པ་དང་། ནོར་འཛོལ་མེད་མཁན་ཕྱོགས་ལ་རྒྱུ་ནོར་བགོ་བཤའ་མང་ཙམ་རྒྱག་དགོས་མོད། འོན་ཀྱང་ཁྲིམས་མཐུན་གཉེན་སྒྲིག་གི་དོ་བདག་གི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག བཞི་ནི་དོ་བདག་ལ་སྐྱེས་པའི་བུ་ཕྲུག་ནི་གཉེན་སྒྲིག་མ་བྱས་པར་སྐྱེས་པ་ཞིག་ཡིན་རུང་གཉེན་སྒྲིག་བྱས་ནས་སྐྱེས་པའི་བུ་ཕྲུག་དང་འདྲ་མཉམ་གྱི་ཁེ་དབང་སྤྱོད་དབང་ཡོད། ལྔ་ནི་ནོར་འཛོལ་མེད་མཁན་ཕྱོགས་ལ་གནོད་རྐྱེན་སྐྱིན་གསབ་བྱེད་དགོས་པའི་རེ་འདུན་འདོན་དབང་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།