བུ་ཕྲུག་གསོ་སྐྱོང་དང་དེར་སློབ་གསོ་གཏོང་རྒྱུའི་ཐད་ཁྱོ་ཤུགས་གཉིས་ཀར་འདྲ་མཉམ་གྱི་ཁེ་དབང་དང་འོས་འགན་ཡོད་དམ།
དོན་ཚན་ཆིག་སྟོང་དང་ང་བརྒྱད་པ། ཁྱོ་ཤུག་ཕྱོགས་གཉིས་ཀར་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པར་འདྲ་མཉམ་གྱི་ཁེ་དབང་སྤྱོད་རྒྱུ་ཡོད་ལ། ཐུན་མོང་ཐོག་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་འོས་འགན་ཡང་འཁུར་དགོས།
ཁྲིམས་ལུགས་འཆད་སྟེགས།
ཁྱོ་ཤུག་གཉིས་ཀས་ལོ་བཅོ་བརྒྱད་ལ་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པར་འདྲ་མཉམ་གྱི་ཁེ་དབང་སྤྱོད་རྒྱུ་ཡོད་ལ་དེ་མཚུངས་ཀྱི་འོས་འགན་ཡང་འཁུར་དགོས། གསོ་སྐྱོང་ནི་ཕ་མས་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་བྱེད་དགོས་པ་དང་སྦྲགས་ཁོང་ཚོའི་འཚོ་བ་དང་སློབ་སྦྱོང་ལ་དངོས་པོའི་ཆ་རྐྱེན་འོས་འཚམ་མཁོ་འདོན་བྱེད་དགོས་པར་ཟེར། སློབ་གསོ་ནི་ཕ་མས་བཅའ་ཁྲིམས་དང་བསམ་བློ་ཀུན་སྤྱོད་ཀྱི་བླང་བྱ་གཞིར་བཟུང་། ཡང་དག་པའི་བྱ་ཐབས་སྤྱད་དེ་ནར་མ་སོན་པའི་བུ་ཕྲུག་ལ་སློབ་སྟོན་བྱེད་དགོས་པ་དང་སྦྲགས་དེའི་བྱེད་སྤྱོད་ལ་དགོས་ངེས་ཀྱི་ཚོད་འཛིན་ཡང་བྱས་ཏེ་དེ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས་པར་ཟེར། སྲུང་སྐྱོབ་ནི་ཕ་མས་ནར་མ་སོན་པའི་བུ་ཕྲུག་གི་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་ཕྱི་རོལ་གྱི་གནོད་འཚེ་སྔོན་འགོག་དང་སེལ་ཐབས་བྱས་ནས་དེའི་ལུས་སེམས་བདེ་ཐང་ཡོང་བ་བྱེད་དགོས་པར་ཟེར། གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བའི་ཁྲོད་ཁྱོ་ཤུག་གཉིས་ཀའི་གནས་བབ་འདྲ་མཉམ་ཡིན་པས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཁེ་དབང་འདྲ་མཉམ་ངང་ལག་བསྟར་བྱེད་དགོས་ལ་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་འགན་འཁྲིའང་མཉམ་དུ་འཁུར་ཏེ་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་དགོས།