ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གང་དག་ཡོད་དམ།
དོན་ཚན་ཆིག་སྟོང་དང་རེ་གཉིས་པ།
ཁྱོ་ཤུག་གཉིས་ཀར་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་ཐོབ་པའི་གཤམ་གསལ་གྱི་རྒྱུ་ནོར་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ལ་ཁྱོ་ཤུག་ཐུན་མོང་ལ་དབང་བ་ཞིག་ཡིན། (གཅིག) གླ་ཕོགས་དང་། བྱ་དགའི་དངུལ། ངལ་རྩོལ་གྱི་ཐོབ་ཆ་བཅས་དང་། (གཉིས) ཐོན་སྐྱེད་དང་། གཉེར་སྐྱོང་། མ་འཇོག་བཅས་ཀྱི་ཁེ་འབབ། (གསུམ) ཤེས་བྱའི་ཐོན་དབང་གི་ཁེ་འབབ། (བཞི) ཤུལ་འཛིན་བྱས་པའམ་སྦྱིན་ནས་ཐོབ་པའི་རྒྱུ་ནོར་བཅས་རེད། ཡིན་ནའང་བཅའ་ཁྲིམས་འདིའི་དོན་ཚན་ཆིག་སྟོང་དང་རེ་གསུམ་པའི་ནང་ཚན་གསུམ་པའི་གཏན་འབེབས་འདིའི་ཁོངས་སུ་མི་ཚུད། (ལྔ) ཐུན་མོང་ལ་དབང་བའི་རྒྱུ་ནོར་གཞན་དག་བཅས། ཁྱོ་ཤུག་གཉིས་ཀར་ཐུན་མོང་གི་རྒྱུ་ནོར་འདྲ་མཉམ་ངང་ཐག་གཅོད་བྱེད་དབང་ཡོད།
ཁྲིམས་ལུགས་འཆད་སྟེགས།
ཁྱོ་ཤུག་གི་ཐུན་མོང་རྒྱུ་ནོར་ཞེས་པ་ནི་ཁྱོ་ཤུག་གཉིས་ཀར་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་ཐོབ་པའི་རྒྱུ་ནོར་ཞིག་རེད། གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་ཁྲིམས་མཐུན་གཉེན་སྒྲིག་བྱས་པའི་ཉིན་ནས་ཁྱོ་ཤུག་ཕྱོགས་གཅིག་ཤི་བམ་ཡང་ན་གཉེན་འཐོར་བྱས་པ་གཏན་འཁེལ་བྱུང་བའི་བར་ཁྱོ་ཤུག་གཉིས་ཀར་ཐུན་མོང་གི་རྒྱུ་ནོར་འདྲ་མཉམ་གྱི་བདག་དབང་ལྡན་པ་དང་ཕྱོགས་གཉིས་ཀར་འདྲ་མཉམ་གྱི་དབང་ཆ་ཡོད། ལྷག་པར་དུ་ཁྱོ་ཤུག་ཕྱོགས་གཅིག་གིས་ཐུན་མོང་གི་རྒྱུ་ནོར་སྤྱོད་པར་དེ་མིན་གྱི་ཁ་ཆད་ཡོད་པ་ཕུད་གཅིག་ཤོས་དེའི་མོས་མཐུན་ཐོབ་དགོས་ངེས་རེད། ཞིབ་ཕྲ་བརྗོད་ན། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ནང(1)གླ་ཕོགས་དང་། བྱ་དགའི་དངུལ། ངལ་རྩོལ་གྱི་ཐོབ་ཆ་བཅས་དང་། (2)ཐོན་སྐྱེད་དང་། གཉེར་སྐྱོང་། མ་འཇོག་བཅས་ཀྱི་ཁེ་འབབ། (3)ཤེས་བྱའི་ཐོན་དབང་གི་ཁེ་འབབ། (4)ཤུལ་འཛིན་བྱས་པའམ་སྦྱིན་ནས་ཐོབ་པའི་རྒྱུ་ནོར་བཅས་རེད། ཡིན་ནའང་ཤུལ་བཞག་གམ་ཡང་ན་སྦྱིན་པ་སོགས་གན་རྒྱའི་ནང་ཕྱོགས་གཅིག་ཁོ་ནར་བདག་པ་གཏན་འཁེལ་བྱས་པའི་རྒྱུ་ནོར་གཏན་འབེབས་འདིའི་ཁོངས་སུ་མི་ཚུད། (5)ཐུན་མོང་ལ་དབང་བའི་རྒྱུ་ནོར་གཞན་དག་སྟེ། དཔེར་ན། རླངས་འཁོར་དང་། ཁང་པ། ཀུང་སིའི་རྐང་དབང་སོགས་ལྟ་བུའོ།