ཚན་རིག་དང་མཐུན་པའི་ངང་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་དགོས།
བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།
18.ཁྲིམས་ཁང་གིས་རང་འགུལ་ངང་གཏུག་བཤེར་གྱི་གོ་ཆོད་དུས་ཡུན་ནང་དོ་བདག་གི་གཏུག་བཤེར་རེ་འདུན་སྒྲུབ་ཆོག་གམ།
ལན། མི་ཆོག
19.ཁེ་དབང་འཛིན་མཁན་གྱིས་འོས་འགན་འཁུར་མིར་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུས་ན་གཏུག་བཤེར་གྱི་གོ་ཆོད་དུས་ཡུན་གྱི་མཚམས་ཆད་སྲིད་དམ།
ལན། ཆད་སྲིད།
20.གཏན་འཇགས་རྒྱུ་ནོར་གྱི་རྒྱུ་དངོས་བདག་དབང་འཛིན་མཁན་གྱིས་རྒྱུ་ནོར་ཕྱིར་སློག་རྒྱུའི་རེ་འདུན་ཞུས་པའི་རིགས་ལ་གཏུག་བཤེར་གྱི་གོ་ཆོད་དུས་ཡུན་སྤྱད་ན་འཐུས་སམ།
ལན། མི་འཐུས།
21.གསོ་རྟེན་སྤྲོད་རྒྱུའི་རེ་འདུན་ཞུ་བའི་དབང་ཆར་གཏུག་བཤེར་གྱི་གོ་ཆོད་དུས་ཡུན་སྤྱད་ན་འཐུས་སམ།
ལན། མི་འཐུས།
22.གན་རྒྱའི་ནང་དུ་ཕྱོགས་གཅིག་གིས་གཏུག་བཤེར་གྱི་གོ་ཆོད་དུས་ཡུན་གྱི་ཁེ་ཕན་འདོར་བའི་གྲོས་དན་བཞག་ཆོག་གམ།
ལན། དོ་བདག་གིས་གཏུག་བཤེར་གྱི་གོ་ཆོད་དུས་ཡུན་གྱི་ཁེ་ཕན་སྔོན་ཚུད་ནས་དོར་ན་གོ་ཆོད་ཀྱི་མེད།
23.སྔོན་བརྡའི་ཐོ་འགོད་བྱས་ན་ཕན་ཐོགས་གང་ཞིག་ཡོད་དམ།
ལན། སྔོན་བརྡའི་ཐོ་འགོད་བྱས་རྗེས་སྔོན་བརྡའི་ཐོ་འགོད་བྱེད་དབང་ཡོད་མཁན་གྱི་མོས་མཐུན་མ་ཐོབ་པར་གཏན་འཇགས་རྒྱུ་ནོར་ཐག་གཅོད་བྱས་པའི་རིགས། དངོས་རྫས་བདག་དབང་གི་ནུས་པ་ཐོན་གྱི་མེད།
24.དོ་བདག་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པ་དེས་ལས་སྒོའི་ཐད་ཚོད་འཛིན་ཕོག་གམ།
ལན། ཕོག་པ་ཡིན། འོན་ཀྱང་གཏན་འབེབས་དེ་ལས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པའི་རིགས་ལ། གནོད་འཚེ་ཕོག་མཁན་དོ་བདག་གིས་ཁྲིམས་ཁང་ལ་གཏན་འབེབས་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ཆོག
25.བོར་དངོས་འཚོལ་བའི་རྔན་སྤྲོད་བརྡ་ཁྱབ་ཀྱི་ཁས་ལེན་ལ་གོ་ཆོད་ནུས་པ་ལྡན་ནམ།
ལན། ནུས་པ་ལྡན་པ་སྟེ། ཁེ་དབང་འཛིན་མཁན་གྱིས་རྔན་སྤྲོད་བརྡ་ཁྱབ་བཏང་སྟེ་བོར་དངོས་བཙལ་ཚེ་བོར་དངོས་ལེན་སྐབས་ཁས་བླངས་པའི་འོས་འགན་སྒྲུབ་དགོས་ཀྱི་ཡོད།
26.ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་ཐད་འགན་གཙང་གཏོང་རིང་འགན་གཙང་གཏོང་མཁན་གྱིས་ས་ཞིང་ཚུར་བསྡུས་ན་འགྲིག་གམ།
ལན། མི་འགྲིག བཅའ་ཁྲིམས་ནང་གཏན་འབེབས་གཞན་དག་ཡོད་པ་ཕུད།
27.ས་ཞིང་གཉེར་སྐྱོང་དབང་ཆ་མི་གཞན་ལ་བརྒྱུད་བཤུག་བྱེད་ཆོག་གམ།
ལན། ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་ཡོད་མཁན་གྱིས་རང་བདག་ངང་ཁྲིམས་ལྟར་བོགས་གཏོང་དང་། མ་རྐང་ནང་ཞུགས་པའམ་ཡང་ན་བྱེད་ཐབས་གཞན་དག་བརྒྱུད་མི་གཞན་ལ་ས་ཞིང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་བྱེད་ཆོག
28.སྡོད་ཁང་འཛུགས་སྐྲུན་གྱི་ས་ཆ་སྤྱོད་དབང་གི་དུས་ཚད་ཐིམ་རྗེས་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།
ལན། རང་འགུལ་ངང་ཡུན་ཚད་རིང་དུ་གཏོང་དགོས། ཡུན་སྲིང་གི་འགྲོ་གྲོན་འཇལ་བའམ་ཡང་ན་ཆག་ཡང་དང་རྩ་ཆག་གཏོང་བར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།
29.སྡོད་གནས་དབང་ཆའི་བཅའ་ཁྲིམས་ཀྱི་གོ་ཆོད་ནུས་པ་ཇི་ལྟར་ཐོན་ནམ།
ལན། དོ་བདག་གིས་དང་ཐོག་ཡིག་ཐོག་ནས་སྡོད་གནས་དབང་ཆའི་གན་རྒྱ་འཇོག་དགོས་པ་མ་ཟད་ཐོ་འགོད་ལས་ཁུངས་ལ་སྡོད་གནས་དབང་ཆ་ཐོ་འགོད་རེ་ཞུ་བྱེད་པ་དང་སྡོད་གནས་དབང་ཆ་ཐོ་འགོད་བྱས་པའི་ཉིན་ནས་ལྡན་ཡོད།
30.སྡོད་གནས་དབང་ཆ་ཡོད་པའི་ཁང་པ་མི་གཞན་ལ་བོགས་མར་གཏོང་ཆོག་གམ།
ལན། དོ་བདག་ལ་ཁ་ཆད་གཞན་དག་ཡོད་པ་ཕུད་མི་གཞན་ལ་བོགས་མར་གཏོང་མི་ཆོག
31.ཁག་ཐེག་གན་རྒྱའི་ནང་གན་རྒྱ་གང་དག་ཚུད་ཡོད་དམ།
ལན། ཁག་ཐེག་གན་རྒྱའི་ནང་གཏའ་འཇོག་གན་རྒྱ་དང་། རྒྱུ་འཛིན་གཏའ་འཇོག་གན་རྒྱ། ཁག་ཐེག་བྱེད་ནུས་ལྡན་པའི་གན་རྒྱ་གཞན་དག་བཅས་ཚུད་ཡོད།
32.གཏའ་འཇོག་དངོས་དབང་གི་ཁྲིམས་གཏན་འཁེལ་བའི་ཁག་ཐེག་ཁྱབ་ཁོངས་གང་དག་ཡོད་དམ།
ལན། གཏའ་འཇོག་དངོས་དབང་གི་ཁག་ཐེག་ཁྱབ་ཁོངས་ནང་བུན་དབང་གཙོ་བོ་དང་དེའི་སྐྱེད་ཁ་དང་། གན་དོན་ལས་འགལ་བའི་དངུལ་ཆད། གནོད་འཚེའི་སྐྱིན་ཚབ་དངུལ། གཏན་འཇོག་རྒྱུ་ནོར་བདག་སྐྱོང་དང་གཏའ་འཇོག་བུན་དབང་གྲུབ་པའི་འགྲོ་གྲོན་བཅས་ཚུད་ཡོད།
33.ཁང་སའི་སྤྱོད་དབང་གཏའ་མར་འཇོག་ཆོག་གམ།
ལན། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གཏའ་མར་འཇོག་ཆོག་པ་ཕུད་ཁང་སའི་སྤྱོད་དབང་གཏའ་མར་འཇོག་མི་ཆོག
34.ཁེ་གཉེར་མིན་པའི་ཁྲིམས་མིའི་སློབ་གསོའི་སྒྲིག་བཀོད་དང་། སྨན་བཅོས་དང་འཕྲོད་བསྟེན་གྱི་སྒྲིག་བཀོད། སྤྱི་ཕན་སྒྲིག་བཀོད་གཞན་དག་བཅས་གཏའ་མར་འཇོག་ཆོག་གམ།
ལན། འཇོག་མི་ཆོག
35.ས་ཞིང་བདག་དབང་གཏའ་མར་འཇོག་ཆོག་གམ།
ལན། འཇོག་མི་ཆོག
36.སྒོ་ཐེལ་བརྒྱབ་པའི་རྒྱུ་ནོར་གཏའ་མར་འཇོག་ཆོག་གམ།
ལན། འཇོག་མི་ཆོག
37.གཏའ་མར་འཇོག་རིང་གཏའ་མ་འཇོག་མཁན་གྱིས་གཏའ་འཇོག་རྒྱུ་ནོར་བརྒྱུད་བཤུག་བཏང་ཆོག་གམ།
ལན། བཏང་ཆོག གཏའ་འཇོག་རྒྱུ་ནོར་བརྒྱུད་བཤུག་བཏང་ཡང་གཏའ་འཇོག་དབང་ཆར་ཤུགས་རྐྱེན་ཐེབས་ཀྱི་མེད།
38.གཏའ་མ་ལེན་མཁན་གྱིས་ཁྲིམས་ཁང་བརྒྱུད་མི་དགོས་པར་ཐད་ཀར་གཏའ་མ་འཇོག་མཁན་དང་རིན་གཅོག་གྲོས་མཐུན་འཇོག་ཆོག་གམ།
ལན། འཇོག་ཆོག གཏའ་འཇོག་དབང་ཆ་ཡོད་པའི་གནས་ཚུལ་ཐོན་སྐབས་གཏའ་མ་ལེན་མཁན་གྱིས་གཏའ་མ་འཇོག་མཁན་དང་གཏའ་འཇོག་རྒྱུ་ནོར་རིན་ཕབ་བམ་ཡང་ན་ཕམ་ཚོང་དང་ཚོང་སྒྱུར་བྱས་པ་ལས་ཐོབ་པའི་རིན་གོང་གིས་སྔོན་ལ་སྐྱིན་ཚབ་འཇལ་ཆོག གལ་ཏེ་གྲོས་མཐུན་དེས་བུན་བདག་གཞན་དག་གི་ཁེ་ཕན་ལ་གནོད་འཚེ་བཟོས་ཚེ་བུན་བདག་གཞན་དག་གིས་ཁྲིམས་ཁང་ལ་གྲོས་མཐུན་དེ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་འདོན་ཆོག
39.གང་འདྲ་ཞིག་ལ་རྣམ་གཞག་དོན་ཚན་ཟེར་རམ།
ལན། རྣམ་གཞག་དོན་ཚན་ཞེས་པ་ནི་དོ་བདག་གིས་ཡང་ཡང་སྤྱོད་ཆེད་སྔོན་ཚུད་ནས་གཏན་འཁེལ་བྱེད་པ་དང་འབྲེལ་གན་རྒྱ་འཇོག་སྐབས་ཕ་རོལ་པོ་དང་གྲོས་མཐུན་མ་བཞག་པའི་དོན་ཚན་ལ་ཟེར། རྒྱུན་དུ་མཐོང་རྒྱུ་ཡོད་པའི་རྣམ་གཞག་གན་རྒྱ་དཔེར་ན་འགན་བཅོལ་གན་རྒྱ་དང་ཚོང་ཟོག་ཉོ་ཚོང་གན་རྒྱ་སོགས་ཡོད།
40.ཁྲིམས་གཏན་འཁེལ་བའི་འཐུས་མིས་དབང་ཚད་ལས་བརྒལ་ནས་གན་རྒྱ་བཞག་པར་ནུས་པ་ཐོན་ནམ།
ལན། བལྟོས་བཅས་ཀྱི་མིས་ཁྲིམས་གཏན་འཁེལ་བའི་མིས་དབང་ཚད་ལས་བརྒལ་ནས་གན་རྒྱ་བཞག་པ་ཤེས་པའམ་ཡང་ན་ཤེས་འོས་པ་ཕུད། གན་རྒྱ་དེར་ནུས་པ་ཐོན་པའི་ངོས་འཛིན་དགོས་པ་མ་ཟད་ཁྲིམས་མིར་ཡང་ནུས་པ་ཐོན་གྱི་ཡོད།
41.འགྱུར་རྟེན་དང་གན་དོན་ལས་འགལ་བའི་དངུལ་གཉིས་ཀའི་རེ་བ་འདོན་ཆོག་གམ།
ལན། སྤྱིར་བཏང་དུ་འདོན་མི་ཆོག་པར། གན་དོན་ལས་འགལ་བའི་དངུལ་ལམ་ཡང་ན་འགྱུར་རྟེན་དོན་ཚན་ལས་གཅིག་འདེམས་དགོས། གལ་ཏེ་དོ་བདག་གིས་འགྱུར་རྟེན་གྱི་དོན་ཚན་སྤྱོད་རྒྱུ་བདམས་རུང་། འགྱུར་རྟེན་གྱིས་ཕྱོགས་གཅིག་གི་གན་དོན་ལས་འགལ་བའི་གྱོང་གུན་གསབ་མི་ཐུབ་ཚེ་ཕ་རོལ་པོས་འགྱུར་རྟེན་གྱི་གྲངས་འབོར་ལས་བརྒལ་བའི་གྱོང་གུན་སྐྱིན་ཚབ་འཇལ་རྒྱུའི་རེ་ཞུ་འདོན་ཆོག དེར་བརྟེན་དོན་དམ་པའི་ཐོག་ནས་བཤད་ན་དེ་གཉིས་པོ་ལས་གཅིག་མ་གཏོགས་འདེམས་མི་ཆོག