ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།
གན་རྒྱའི་རྩོད་གཞི་འདུམ་འགྲིག་བྱས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚོང་འགུགས་མ་འདྲེན་དམངས་གཉེར་ཁེ་ལས་ཀྱི་བོགས་གཏོང་གན་རྒྱའི་རྩོད་གཞི་ཞིག་བདེ་བླག་ངང་འདུམ་འགྲིག་བྱས་པ་དེས་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱི་དུས་འགོའི་མ་འཇོག་སྒོར་ཁྲི་1500ལྷག་ཙམ་གྱོང་གུན་མི་ཕོག་པ་བྱུང་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལ་ཞབས་འདེགས་དང་འགན་ལེན་ནུས་ལྡན་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ་12པར། ཆབ་མདོ་གྲོང་ཁྱེར་འཛུཌ་སྐྲུན་རྒྱུ་ཆ་ཀུང་སི་ཞིག་ཚོང་འགུགས་མ་འདྲེན་གྱི་རྣམ་པར་བརྟེན་ནས་ཆབ་མདོ་གྲོང་ཁྱེར་དུ་བཅའ་སྡོད་ཀྱིས་གྲོང་ཁྱེར་དེའི་ཚོགས་པ་ཀུང་སི་ཞིག་དང་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་འཛུགས་སྐྲུན་གྱི་བོགས་གཏོང་གན་རྒྱ་བཞག་པ་རེད། གན་རྒྱ་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་། ཆབ་མདོ་གྲོང་ཁྱེར་འཛུགས་སྐྲུན་རྒྱུ་ཆ་ཀུང་སི་དེས་ཀུང་སིའི་ལས་སྒོའི་དགོས་མཁོར་གཞིགས་ནས་ཁང་པ་ཁག་གཅིག་རྒྱས་སྐྲུན་བྱས་པ་དེ་གྲོང་ཁྱེར་ཚོགས་པ་ཀུང་སིས་ཤེས་རྗེས། འཛུཌ་སྐྲུན་རྒྱུ་ཆ་ཀུང་སི་ཁྲིམས་ལ་སྦྱར་ནས་གན་རྒྱ་མེད་པར་བཟོ་རྒྱུ་དང་འབྲེལ། རྒྱས་སྐྲུན་བྱས་པའི་ཁང་པ་བཤིག་དགོས་པའི་རེ་བ་བཏོན་ཡོད།
གྱོད་གཞི་བདག་སྤྲོད་བྱས་རྗེས། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར། ཆབ་མདོ་གྲོང་ཁྱེར་འཛུགས་སྐྲུན་རྒྱུ་ཆ་ཀུང་སིས་འཁོར་ཁང་རྒྱག་པ་དང་འཛུགས་སྐྲུན་རྒྱུ་ཆ་གཉེར་སྐྱོང་བྱ་ཆེད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་བས། གལ་སྲིད་གན་རྒྱ་རྩིས་མེད་དུ་བཏང་ཚེ། འཛུགས་སྐྲུན་རྒྱུ་ཆ་ཀུང་སི་དེར་གསབ་ཐབས་བྲལ་བའི་གྱོང་གུན་ཕོག་ངེས་ཡིན་པར་བརྟེན་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འཛུགས་སྐྲུན་རྒྱུ་ཆའི་ལས་ཡུལ་དངོས་སུ་བསྐྱོད་ནས་རྒྱས་སྐྲུན་བྱས་པའི་ཁང་པར་ལྟ་ཞིབ་བྱས་པ་དང་འབྲེལ་དག་ཐེར་བྱས་ནས་སྤྱོད་འཐུས་ཏན་ཏིག་ཇི་ལྟར་བྱ་རྒྱུའི་ཇུས་གཞི་བཏོན་ཡོད། ཁྲིམས་ཁང་གིས་འདུམ་འགྲིག་ཐེངས་མང་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་འཛུགས་སྐྲུན་རྒྱུ་ཆ་ཀུང་སི་དེས་རྒྱས་སྐྲུན་བྱས་པའི་ཁང་པ་བཤིག་ནས་དག་ཐེར་བྱ་རྒྱུའི་མོས་མཐུན་བྱས་པ་མ་ཟད། གྲོང་ཁྱེར་ཚོགས་པ་ཀུང་སི་དེས་ཀྱང་གན་རྒྱ་མུ་མཐུད་ལག་ལེན་བསྟར་རྒྱུར་མོས་མཐུན་བྱས་ནས་ཕྱོགས་གཉིས་པོ་འཆམ་ནས་ལག་པ་གཏོང་རེས་ཀྱང་བྱས་ཡོད།