དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་སྐྱོང་གི་སྒྲིག་ལམ་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ།

    —— གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》གི་གསལ་འགྲེལ། བོད་ལྗོངས་ཉིན་རེའི་ཚགས་པར་ཧྲེང་དབྱི་ཏུའུ་ལས་དོན་ཁང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-08

    ད་ལོའི་ཟླ་3ཚེས་1ཉིན། གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཅེས་བསྡུ་རྒྱུ)དངོས་སུ་ལག་བསྟར་བྱས་ཏེ་རང་ལྗོངས་ཀྱིས་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་སྤེལ་བའི་ཉམས་མྱོང་རྩ་ཆེན་བཅའ་ཁྲིམས་ཀྱི་རྣམ་པ་ནས་གཏན་འཁེལ་བཟོས་ཡོད།

    “གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་རྩ་འཛིན་གནད་བསྡུས་སུ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི‘ཕྱོགས་ལྔའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས’དེ‘དོན་ཆེན་བཞི’དང‘འཛུགས་གཏོད་བཞི’‘མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན’དང་སྤྱི་འདོམས་ཟུང་འབྲེལ་བྱས་ཏེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་ཁྲིམས་སྐྱོང་བྱེད་སྟངས་ཐོག་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྲ་བརྟན་དུ་གཏོང་བའི་འགག་རྩའི་ནུས་པ་མངོན་གསལ་དོད་དུ་བཏང་བ་མ་ཟད།‘འཇུག་སྒོ་ཆུང་ངུར’བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་ལག་ལེན་གྱི་ཐབས་ལམ་ཡང་ཁ་གསལ་བཟོས་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དབྱང་ཅེ་ཡིས་ངོ་སྤྲོད་བྱས་པ་རེད།

    ལོ་ལྔ་ཙམ་གྱི་རྗེས་རང་ལྗོངས་ཀྱིས《སྲོལ་ཡིག》ལ་བཟོ་བཅོས་རྒྱག་དོན་གང་ཡིན།

    2020ལོའི་ཟླ་དང་པོར། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། དེ་ནི་བོད་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འདོན་ཐེངས་དང་པོ་ཡིན་པས། ཁྱབ་ཁོངས་དེའི་ས་གནས་ཁྲིམས་འཛུགས་ཀྱི་སྟོང་ཆ་གསབ་སྟེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཡུང་བཀྲ་ཡིས། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བར་ཕན་འབྲས་བཟང་པོ་ཐོན་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། སྲོལ་ཡིག་ལ་དུས་ཐོག་ཏུ་བཟོ་བཅོས་རྒྱག་པ་ནི་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་དང་ལག་ལེན་གསར་གཏོད་ཀྱི་ཉམས་མྱོང་ཁྲིམས་སྲོལ་གྱི་རྣམ་པ་ནས་གཏན་འཁེལ་བཟོས་ཏེ། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་འཕེལ་རྒྱས་གང་དུ་སླེབས་པ་དེ་རུ་མི་རིགས་ཀྱི་ཁྲིམས་སྐྱོང་འགན་སྲུང་ཡོང་བར་བྱེད་དགོས་ཞེས་བཤད་པ་རེད།

    《སྲོལ་ཡིག》ལ་བཟོ་བཅོས་རྒྱག་པའི་བརྒྱུད་རིམ་ནང་ཚན་རིག་དང་མཐུན་པ་དང་། དམངས་གཙོ། ཁྲིམས་ལྟར་བཅས་ཡོང་བ་འགན་སྲུང་ཇི་ལྟར་བྱེད་དགོས་སམ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ལི་ཡཱ་ལིན་གྱིས་ངོ་སྤྲོད་བྱས་དོན། 《སྲོལ་ཡིག》ལ་བཟོ་བཅོས་རྒྱག་པའི་བརྒྱུད་རིམ་ཁྲོད། རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པར་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ཀྱིས་མི་དམངས་འཐུས་ཚོགས་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ། ཆེད་སྒྲུབ་ཚན་ཁག་གི་རྣམ་པ་ནས་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གི་མཛུབ་ཁྲིད་དང་རོགས་རམ་ཐོབ་ཐབས། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བཅས་བྱས་ཏེ། “འཇུག་དགོས་རིགས་ཚང་མ་འཇུག་པའི”རྩ་དོན་གཞིར་བཟུང་དོན་ཚན་རེ་རེ་དང་ཡིག་འབྲུ་རེ་རེ་བཞིན་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་ཡོད།

    གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ལ་དམིགས་བསལ་གྱི་བཀྲག་མདངས་འཚེར་ས་གང་དག་ཡོད་དམ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་དང་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་བསྟན་འཛིན་ལྷུན་གྲུབ་ཀྱིས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་གཙོ་བོ་ཕྱོགས་བཞིའི་དམིགས་བསལ་བཀྲག་མདངས་འཚེར་ས་མངོན་པ་སྟེ། གཅིག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། གཉིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་འབུར་དུ་ཐོན་པ། གསུམ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་བྱེད་པའི་བོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། བཞི་ནས་བོད་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ཁྲོད་མི་རིགས་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་གནས་བབ་མངོན་པ་བཅས་རེད།

    རང་ལྗོངས་ཀྱིས་བྱེད་ཐབས་གང་དག་སྤྱད་དེ《སྲོལ་ཡིག》ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་སམ།

    རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཏུང་མེ་ཡིས། རང་ལྗོངས་ཀྱིས་གཤམ་གསལ་གྱི་ཕྱོགས་འགའ་ནས《སྲོལ་ཡིག》ལག་བསྟར་ལ་དམ་འཛིན་བྱ་རྒྱུ་སྟེ། གཅིག་ནས《སྲོལ་ཡིག》གི་སློབ་སྦྱོང་གསོ་སྦྱོང་དང་། འཆད་འགྲེལ་གསལ་འགྲེལ། སྒྲོག་འགྲེལ་དྲིལ་བསྒྲགས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནས་མི་རིགས་ལས་དོན་སྡེ་ཚན་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་བཀོལ་སྤྱོད་ཆོག་པའི་ལག་བསྟར་དོན་འཁྱོལ་བྱེད་ཐབས་དང་ཇུས་གཞི་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གྲུབ་པ་བྱ་རྒྱུ། གསུམ་ནས་མཉམ་འབྲེལ་ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་ལྟ་བཤེར། བརྟག་ཞིབ་དཔྱད་དཔོག་སོགས་ཀྱི་བྱ་ཐབས་བརྒྱུད་དུས་བཀག་དང་དུས་ངེས་མེད་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ། བཞི་ནས་འཛུགས་གཏོད་ལས་དོན་ལ་སྟབས་བསྟུན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་དང་། གྲུབ་འབྲས་ཐོབ་པའི་བྱེད་སྟངས་ཁྱབ་གདལ་བཏང་སྟེ། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པའི་འགན་ལེན་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།