རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི“ཁྲིམས་སྐྱོང་སློབ་ཚན་དང་པོ”འཚོགས་པ།
ཉེ་ཆར། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེས་དོན་མྱུལ་ཞིབ་དང་། བདེ་འཇགས། དྲ་ཐོག་བདེ་འཇགས། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་བཅས་ཀྱི་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭར་བསྐྱོད་དེ་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི“ཁྲིམས་སྐྱོང་སློབ་ཚན་དང་པོའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་དགེ་སློབ་ཚོར་བཅའ་ཁྲིམས་ཤེས་བྱའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པ་ཚོས་སློབ་མའི་ན་ཚོད་མི་འདྲ་བ་དང་ཤེས་ཚོར་གྱི་ཁྱད་ཆོས་དང་བསྟུན་ནས་གོ་བདེ་རྟོགས་སླའི་སྐད་ཆ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོག་འགོག་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལ་འགྲེལ་བཤད་བརྒྱབ་པ་རེད། སློབ་གྲོགས་ཀྱི་བརྙས་བཅོས་ཕོག་པ་དང་། དྲ་རྒྱའི་ཁ་བསླུས། འགྲིམ་འགྲུལ་བདེ་འཇགས། དྲ་རྒྱའི་བདེ་འཇགས་བཅས་དང་དེ་བཞིན་དུག་རྫས་མི་འཐེན་པ་སོགས་གཞོན་ནུ་ལོ་ཆུང་འཚར་ལོངས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འགག་རྩའི་གནད་དོན་ལ་དམིགས་ཏེ་མི་དམངས་ཉེན་རྟོག་པས་གྱོད་དཔེ་དྲངས་ནས་བཅའ་ཁྲིམས་གླེང་བ་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད།