དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-08

    ཁྱོ་ཤུག་དམངས་སྲིད་སྡེ་ཚན་ལ་གཉེན་འཐོར་གྱི་རེ་ཞུ་བྱེད་པར་བསྐྱོད་ཚེ་ཉིན་དེ་རང་ལ་གཉེན་འཐོར་ལག་ཁྱེར་རག་ཐུབ་བམ།

    དོན་ཚན་ཆིག་སྟོང་དང་དོན་བདུན་པ། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་གཉེན་འཐོར་ཐོ་འགོད་རེ་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་ཚུན་དུ། ཕྱོགས་གང་རུང་ཞིག་ལ་གཉེན་འཐོར་བྱེད་འདོད་མེད་ཚེ། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ནས་གཉེན་འཐོར་རེ་ཞུ་ཕྱིར་འཐེན་བྱེད་ཆོག གོང་གསལ་ནང་ཚན་དུ་གཏན་འབེབས་བྱས་པའི་དུས་བཀག་གི་ཉིན་སུམ་ཅུའི་ནང་ཚུན་དུ། ཕྱོགས་གཉིས་ཀ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་བསྐྱོད་ནས་གཉེན་འཐོར་ལག་ཁྱེར་སྤྲོད་རྒྱུའི་རེ་འདུན་ཞུ་དགོས། རེ་འདུན་མ་ཞུས་ཚེ། གཉེན་འཐོར་རེ་ཞུ་ཕྱིར་འཐེན་བྱས་པར་བརྩི་སྲིད།

    ཁྲིམས་ལུགས་འཆད་སྟེགས།

    གཉེན་འཐོར་ཐོ་འགོད་ཀྱི་བསམ་བློ་གཏོང་བའི་དུས་ཚོད་ཅེས་པ་ནི་ཕོ་མོ་ཕྱོགས་གཉིས་པོ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་གཉེན་འཐོར་གྱི་རེ་ཞུ་བྱེད་པར་སྐྱོད་སྐབས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་གཉེན་འཐོར་རེ་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་ཚུན་དུ་ཕྱོགས་གང་རུང་ལ་གཉེན་འཐོར་བྱེད་འདོད་མེད་ཚེ། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ནས་གཉེན་འཐོར་རེ་ཞུ་ཕྱིར་འཐེན་བྱེད་ཆོག གལ་སྲིད་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་གཉེན་འཐོར་རེ་ཞུ་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་ཚུན་དུ་ཕྱོགས་གང་རུང་ཞིག་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་གཉེན་འཐོར་རེ་ཞུ་བྱེད་པར་མ་སྐྱོད་ཚེ། གཉེན་འཐོར་རེ་ཞུ་ཕྱིར་འཐེན་བྱས་པར་བརྩི་གི་ཡོད།

    མིག་སྔའི་སྤྱི་ཚོགས་ཐོག“གཉེན་འཐོར་བྱེད་མགྱོགས་པ”དང“ལོ་ལྟར་གཉེན་འཐོར་རེ་ཞུ་བྱེད་ཚད་འཕར་འགྲོ་བའི”གནས་ཚུལ་འོག གཉེན་འཐོར་ཐོ་འགོད་ཀྱི་བསམ་བློ་གཏོང་བའི་དུས་ཚོད་ཀྱི་ལམ་ལུགས་བཏོན་པ་ནི་དུས་ཀྱི་འཁོར་ཕྱོགས་ཤིག་རེད། དོན་དངོས་ཀྱི་འཚོ་བའི་ནང་ཁྱོ་ཤུག་མང་པོ་ཞིག་གཉེན་འཐོར་བྱེད་པ་ནི་གློ་བུར་དུ་རླུང་ལངས་པ་ལས་བྱུང་བ་ཞིག་ཡིན་པ་ལས་ཁྱོ་ཤུག་དབར་གྱི་བརྩེ་དུང་རྦད་དེ་མེད་པར་གྱུར་བ་ཞིག་མ་ཡིན་པས། འགྲིག་ཐབས་ཡོད་པ་ཞིག་རེད། གཉེན་འཐོར་གྱི་བསམ་བློ་གཏོང་བའི་དུས་ཚོད་བཟོས་པ་ནི་གློ་བུར་དུ་རླུང་ལངས་པ་ལས་གཉེན་འཐོར་བྱེད་མཁན་ཁྱོ་ཤུག་ལ་གོ་སྐབས་སྤྲད་པ་ཞིག་རེད། དེ་ལས་ཚད་གཞི་ངེས་ཅན་གྱི་ཐོག་ནས་གློ་བུར་དུ་རླུང་ལངས་པའི་དབང་གིས་གཉེན་འཐོར་བྱེད་མཁན་ཉུང་དུ་ཕྱིན་ཏེ་གཉེན་སྒྲིག་འཆམ་མཐུན་དང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་ཐུབ།

    གནས་ཚུལ་གང་འདྲ་ཞིག་གི་འོག་གཉེན་སྒྲིག་ལ་ནུས་པ་མེད་པར་བརྩིའམ།

    དོན་ཚན་ཆིག་སྟོང་དང་ང་གཅིག་པ། གཤམ་གྱི་གནས་ཚུལ་གྱི་གྲས་ཤིག་ཡོད་ཚེ། གཉེན་སྒྲིག་ལ་ནུས་པ་མེད། (གཅིག) གཉེན་སྒྲིག་བརྩེགས་མ་བྱས་པ། (གཉིས) གཉེན་ཚན་གྱི་འབྲེལ་བ་ཡོད་པ། (གསུམ) ཁྲིམས་བཀོད་ཀྱི་གཉེན་སྒྲིག་ལོ་ཚོད་ལ་མ་སླེབས་པ།

    ཁྲིམས་ལུགས་འཆད་སྟེགས།

    གཉེན་སྒྲིག་གི་ནུས་པ་མེད་པ་ཞེས་པ་ནི་ཕོ་མོ་ཕྱོགས་གཉིས་པོ་གཉེན་སྒྲིག་བྱས་རྗེས་དེར་གཉེན་སྒྲིག་གི་ནུས་པ་ཐོན་པའི་ཁྲིམས་གཏན་འཁེལ་བའི་ཆ་རྐྱེན་མ་ཚང་བར་བཅའ་ཁྲིམས་ཀྱི་ནུས་པ་ཐོན་གྱི་མེད། གཉེན་སྒྲིག་ལ་ནུས་པ་མེད་པའི་རིགས་གསུམ་ཡོད་དེ།

    གཅིག་ནི་གཉེན་སྒྲིག་བརྩེགས་མ་ཡིན་པ་དང་དེ་ནི་བཟའ་ཟླ་ཡོད་པའི་མིས་སླར་ཡང་མི་གཞན་དང་གཉེན་སྒྲིག་ཐོ་འགོད་བྱས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་དམ་ཡང་ན་ཕར་ཕྱོགས་ལ་བཟའ་ཟླ་ཡོད་པ་ཤེས་བཞིན་དུ་དེ་དང་གཉེན་སྒྲིག་ཐོ་འགོད་བྱས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཟེར།

    གཉིས་ནི་གཉེན་སྒྲིག་བྱེད་མི་ཆོག་པའི་གཉེན་ཚན་གྱི་འབྲེལ་བ་ཡོད་པ་དང་གསོ་རིག་དང་ཚན་རིག་འཕེལ་རྒྱས་ཀྱི་ར་སྤྲོད་གཞིར་བཟུང་། ཕོ་མོ་གཉིས་དབར་གཉེན་ཚན་གྱི་འབྲེལ་བ་ཡོད་བཞིན་དུ་གཉེན་སྒྲིག་བྱས་ཚེ་རྒྱུད་འདེད་རིག་པའི་ནད་གཞི་ཕོག་ཏེ་མི་རབས་རྗེས་མའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། གཉེན་ཚན་གྱི་འབྲེལ་བ་ཡོད་རིགས་ཕན་ཚུན་གཉེན་སྒྲིག་བྱེད་མི་ཆོག་པ་ནི་གནའ་དེང་ཀྲུང་ཕྱིའི་བཅའ་ཁྲིམས་ཀྱི་རྒྱུན་སྲོལ་ཞིག་རེད། གསུམ་ནི་ཁྲིམས་བཀོད་ཀྱི་གཉེན་སྒྲིག་ལོ་ཚོད་ལ་མ་སླེབས་པ་དང་དེ་ནི་ཕོ་མོ་ཕྱོགས་གཉིས་ཀ་ཁྲིམས་བཀོད་ཀྱི་གཉེན་སྒྲིག་ལོ་ཚོད་ལ་མ་སླེབས་ཚེ། གཉེན་སྒྲིག་བྱེད་མི་ཆོག་པར་ཟེར་བ་དང་དེ་ནི་གཙོ་བོ་གཉེན་སྒྲིག་གི་འབྲེལ་བའི་རང་བྱུང་གཏོགས་ཁོངས་དང་སྤྱི་ཚོགས་གཏོགས་ཁོངས་ཀྱིས་གཏན་འཁེལ་བྱེད་ཀྱི་ཡོད།

    གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་གཉེན་སྒྲིག་ཕྱིར་འཐེན་གྱི་རེ་འདུན་ཞུ་ཆོག་གམ།

    དོན་ཚན་ཆིག་སྟོང་དང་ང་གཉིས་པ། བཙན་ཤེད་དབང་གིས་གཉེན་སྒྲིག་བྱས་པ་ཡིན་ཚེ། བཙན་ཤེད་མྱོང་མཁན་ཕྱོགས་ཀྱིས་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ཆོག

    གཉེན་སྒྲིག་ཕྱིར་འཐེན་གྱི་རེ་འདུན་ཞུས་ཚེ། བཙན་ཤེད་ཀྱི་བྱ་སྤྱོད་མཇུག་འགྲིལ་བའི་ཉིན་ནས་བཟུང་ལོ་གཅིག་ནང་ཚུན་དུ་རེ་འདུན་ཞུ་དགོས།

    མི་ལུས་རང་དབང་ལ་ཁྲིམས་འགལ་གྱིས་ཚོད་འཛིན་བྱས་པའི་དོ་བདག་གིས་གཉེན་སྒྲིག་ཕྱིར་འཐེན་གྱི་རེ་འདུན་ཞུས་ཚེ། མི་ལུས་ལ་རང་དབང་བྱུང་བའི་ཉིན་ནས་བཟུང་ལོ་གཅིག་ནང་ཚུན་དུ་རེ་འདུན་ཞུ་དགོས།

    དོན་ཚན་ཆིག་སྟོང་དང་ང་གསུམ་པ། ཕྱོགས་གཅིག་ལ་ནད་ཚབས་ཆེན་ཕོག་ཡོད་ཚེ། གཉེན་སྒྲིག་ཐོ་འགོད་མ་བྱས་གོང་ཁ་གཏད་ལ་དྲང་པོར་ཤོད་དགོས། དེ་ལྟར་མ་བྱས་ཚེ། ཁ་གཏད་ཀྱིས་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག

    གཉེན་སྒྲིག་ཕྱིར་འཐེན་གྱི་རེ་འདུན་ཞུས་ཚེ། གཉེན་སྒྲིག་ཕྱིར་འཐེན་གྱི་རྩ་དོན་ཤེས་པའི་ཉིན་ནས་བཟུང་ལོ་གཅིག་ནང་ཚུན་དུ་རེ་འདུན་ཞུ་དགོས།

    ཁྲིམས་ལུགས་འཆད་སྟེགས།

    གཉེན་སྒྲིག་ཕྱིར་འཐེན་བྱེད་ཆོག་ཅེས་པ་ནི་དོ་བདག་གིས་གནད་དོན་དྲང་པོ་མ་བཤད་པར་གཉེན་སྒྲིག་བྱས་པར་ཟེར་བའམ་ཡང་ན། དོ་བདག་གི་གཉེན་སྒྲིག་ལ་གནད་དོན་ཡོད་པ་དང་། ཕྱིར་འཐེན་བྱེད་དབང་ཡོད་པའི་དོ་བདག་གིས་ཁྲིམས་བཀོད་ཀྱི་ནུས་པ་ལྡན་པའི་གཉེན་སྒྲིག་འབྲེལ་བར་ཁྲིམས་བཀོད་ཀྱི་ནུས་པ་མེད་པར་བཟོས་པ་ཞིག་རེད། གཉེན་སྒྲིག་ཕྱིར་འཐེན་བྱེད་པར་གནས་ཚུལ་རིགས་གཉིས་ཡོད་དེ། གཅིག་ནི་བཙན་ཤེད་དབང་གིས་གཉེན་སྒྲིག་བྱས་པ་ཡིན་ཚེ། བཙན་ཤེད་མྱོང་མཁན་ཕྱོགས་ཀྱིས་བཙན་ཤེད་བྱ་སྤྱོད་མཇུག་འགྲིལ་བའི་ཉིན་ནས་བཟུང་ལོ་གཅིག་ནང་ཚུན་དུ་གཉེན་སྒྲིག་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་ཆོག་པ་དང་། གཉིས་ནི་གཉེན་སྒྲིག་མ་བྱས་གོང་ཕྱོགས་གཅིག་ལ་ན་ཚ་ལྕི་པོ་ཕོག་ཡོད་ཀྱང་ཁ་གཏད་ལ་དྲང་པོར་མ་བཤད་ཚེ། ཁ་གཏད་ཀྱིས་གནས་ཚུལ་ཤེས་པའི་ཉིན་ནས་བཟུང་ལོ་གཅིག་ནང་ཚུན་དུ་གཉེན་སྒྲིག་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་ཆོག གནས་ཚུལ་དེ་གཉིས་ཀ་ནི་གཉེན་སྒྲིག་བྱེད་མཁན་ཕྱོགས་གཉིས་ཀས་གཉེན་སྒྲིག་གི་འབྲེལ་བ་འཛུགས་སྐབས་བསམ་ཚུལ་བརྗོད་སྟངས་ལ་སྐྱོན་ཡོད་པའམ་ཡང་ན། མི་སྒེར་གྱི་ཁེ་དབང་ལ་གནོད་འཚེ་བཟོས་པ་ཞིག་ཡིན་པས། ཁྲིམས་ལྟར་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ཆོག

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།