དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • བཅའ་ཁྲིམས་ཤེས་བྱ་ཚན་རིག་དང་མཐུན་པའི་ངང་ཁྱབ་གདལ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-08

    ལེ་ཚན་གཏོད་པའི་གཏམ།

    བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དེ་སྤྱི་དམངས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན་ང་ཚོས་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། འདི་ག་ཚགས་པར་ཁང་གིས་ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་བརྒྱུད། སྤྱི་དམངས་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་སྤེལ་བཏང་སྟེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཐུན་མོང་ཐོག་བསྐྲུན་རྒྱུ་ཡིན།

    འདི་ག་ཚགས་པར་ཁང་གིས་དེ་རིང་ནས་བཟུང《བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན》ཞེས་པའི་ལེ་ཚན་གཏོད་རྒྱུ་ཡིན་པས། ཀློག་པ་པོ་རྣམས་ཀྱིས་དོ་སྣང་ཡོད་པ་ཞུ།

    1.སྦྲུམ་བུར་ཡང་ཤུལ་འཛིན་དབང་ཆ་ཡོད་དམ།

    ལན། སྦྲུམ་བུ་བཙའ་སྐབས་ཤི་བ་ཕུད་པར་ཤུལ་འཛིན་དབང་ཆ་ཡོད།

    2.མི་གང་ཞིག་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའི་ཁོངས་སུ་གཏོགས་སམ།

    ལན། ལོ་བརྒྱད་ལ་མ་སླེབས་པའི་ན་སོ་དར་ལ་མ་བབས་པའི་མི་དང་རང་ཉིད་ཀྱིས་བྱ་སྤྱོད་སྤེལ་བ་བླངས་དོར་ལེགས་ཉེས་དབྱེ་འབྱེད་མི་ཐུབ་པའི་ན་སོ་དར་ལ་བབས་པའི་མི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའི་ཁོངས་སུ་གཏོགས་ཀྱི་ཡོད།

    3.རྩ་འཛུགས་གང་ཞིག་གིས་ཁྲིམས་ཁང་ལ་མི་ཆེ་གེ་མོ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་པ་གཏན་འཁེལ་བྱ་རྒྱུའི་རེ་འདུན་ཞུ་ཆོག་གམ།

    ལན། གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་། སློབ་གྲྭ སྨན་བཅོས་སྒྲིག་གཞི། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཁྲིམས་ལྟར་བཙུགས་པའི་རྒན་རྒོན་རྩ་འཛུགས། དམངས་སྲིད་སྡེ་ཚན་སོགས་ཀྱིས་ཞུ་ཆོག

    4.སྒྲིག་གཞི་གང་ཞིག་ལྟ་སྐྱོང་བྱ་ཡུལ་གྱི་གནས་སྐབས་ལྟ་སྐྱོང་བར་བརྩི་ཆོག་གམ།

    ལན། ལྟ་སྐྱོང་བྱ་རྒྱུ་དམིགས་འཛུགས་མ་བྱས་གོང་དུ་ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་ཀྱི་དབང་ཆ་དང་། རྒྱུ་ནོར་གྱི་དབང་ཆ། དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་ལ་སྲུང་སྐྱོང་བྱེད་མཁན་མེད་པའི་རིགས་ལ། ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་། བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འབྲེལ་ཡོད་རྩ་འཛུགས་སམ་དམངས་སྲིད་སྡེ་ཚན་བཅས་ཀྱིས་གནས་སྐབས་ལྟ་སྐྱོང་བའི་འགན་འཁུར་རྒྱུ་རེད།

    5.རྒན་རྒོན་གྱིས་རང་ཉིད་ཀྱི་ལྟ་སྐྱོང་བ་འདེམས་ཆོག་གམ།

    ལན། དམངས་དོན་བྱ་སྤྱོད་སྤེལ་ནུས་རྦད་དེ་ཡོད་པའི་རྒན་རྒོན་གྱིས་ཡིག་ཐོག་ནས་རང་ཉིད་ཀྱི་གཉེན་ཉེ་དང་། མི་གཞན་པའམ་རྩ་འཛུགས་དང་སྔོན་ནས་གྲོས་བསྡུར་བྱས་ཏེ་རང་ཉིད་ཀྱི་ལྟ་སྐྱོང་བ་གཏན་འཁེལ་བྱས་ཆོག རང་ཉིད་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཆ་ཤས་ཤོར་བའི་སྐབས་སུ་མི་དེས་གཏན་འཁེལ་བྱས་པའི་ལྟ་སྐྱོང་བས་ལྟ་སྐྱོང་གི་འགན་འཁྲི་འཁུར་རྒྱུ་རེད།

    6.གློ་བུར་དུ་གནས་ཚུལ་ཐོན་ནས་ལྟ་སྐྱོང་བྱ་ཡུལ་ལ་ལྟ་སྐྱོང་བྱེད་མཁན་མ་བྱུང་ཚེ་ཇི་ལྟར་བྱེད་དགོས་སམ།

    ལན། ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཚན་གྱིས་ལྟ་སྐྱོང་བྱ་ཡུལ་ལ་དགོས་ངེས་ཀྱི་གནས་སྐབས་ཀྱི་འཚོ་བར་ལྟ་སྐྱོང་བྱེད་ཐབས་བཀོད་སྒྲིག་བྱེད་དགོས།

    7.བཟའ་ཚང་ཁ་བྲལ་སྐབས་བུ་ཕྲུག་གསོ་སྐྱོང་བྱེད་དབང་ཐོབ་པའི་ཕྱོགས་དེས། རང་ཉིད་ཀྱི་ཕ་མར་གསོ་སྐྱོང་བྱ་རྒྱུའི་མངགས་བཅོལ་བྱས་ན་ཆོག་གམ།

    ལན། བཅའ་ཁྲིམས་ནང་བྱེད་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་མེད་པས་བྱས་ན་ཆོག

    8.གར་སོང་ཆ་མེད་དུ་གྱུར་པ་ཁྱབ་བསྒྲགས་བྱས་པའི་མིར་ཆ་མཚོན་ན། དེའི་རྒྱུ་ནོར་སུས་ཚབ་བྱས་དོ་དམ་བྱ་རྒྱུ་ཡིན་ནམ།

    ལན། གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ལ་ཆ་མཚོན་ན། དེའི་བཟའ་ཟླ་དང་། ནར་སོན་པའི་བུ་ཕྲུག ཕ་མའམ་རྒྱུ་ནོར་ཚབ་བྱས་དོ་དམ་གྱི་འགན་འཁུར་འདོད་ཡོད་པའི་མི་གཞན་བཅས་ཀྱིས་ཚབ་བྱས་དོ་དམ་བྱས་ན་ཆོག གལ་ཏེ་རྩོད་གཞི་བྱུང་ན་ཁྲིམས་ཁང་གིས་དམིགས་འཛུགས་བྱ་རྒྱུ་རེད།

    9.ཁེར་རྐྱང་བཟོ་ཚོང་དུད་ཚང་གི་བུ་ལོན་སུས་འཇལ་འགན་འཁུར་རྒྱུ་ཡིན་ནམ།

    ལན། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་བུ་ལོན་ལ་ཆ་མཚོན་ན། མི་སྒེར་གྱིས་གཉེར་སྐྱོང་བྱས་པའི་རིགས། མི་སྒེར་གྱི་རྒྱུ་ནོར་བཏང་ནས་འཇལ་དགོས་པ་དང་། ཁྱིམ་ཚང་གིས་གཉེར་སྐྱོང་བྱས་པའི་རིགས། ཁྱིམ་ཚང་གི་རྒྱུ་ནོར་བཏང་ནས་འཇལ་དགོས་པ། གལ་ཏེ་དབྱེ་བ་འབྱེད་ཐབས་མེད་ཚེ། ཁྱིམ་ཚང་གི་རྒྱུ་ནོར་བཏང་ནས་འཇལ་དགོས།

    10.ཁྲིམས་གཏན་འཁེལ་བའི་འཐུས་ཚབ་པས་ལས་འགན་ལག་བསྟར་བྱས་པ་ལས་མི་གཞན་ལ་གནོད་འཚེ་ཕོག་ན། འགན་འཁྲི་སུས་འཁུར་དགོས་སམ།

    ལན། ཁྲིམས་མིས་འགན་འཁུར་རྒྱུ་རེད། གལ་ཏེ་ཁྲིམས་བཀོད་འཐུས་ཚབ་པས་དབང་ཆ་ལས་བརྒལ་ནས་གན་རྒྱ་བཞག་ན། ཕ་རོལ་གྱིས་འཐུས་ཚབ་ཀྱི་དོན་དངོས་དབང་ཚད་མ་ཤེས་པའི་གནས་ཚུལ་འོག གན་རྒྱ་དེ་ཁྲིམས་མིའི་ངོས་ནས་བརྗོད་ན་སྔར་བཞིན་ནུས་པ་ལྡན་ཡོད། དེར་བརྟེན་ཁྲིམས་བཀོད་འཐུས་ཚབ་པ་གདམ་གསེས་གདན་ཞུ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། སྤྱིར་ན་མ་རྐང་ཚོད་འཛིན་རྐང་བདག་གི་རང་བྱུང་མིས་འགན་འཁུར་གྱི་ཡོད།

    11.ཚུལ་མིན་གྱི་ཁེ་ཐོབ་ཅེས་པ་གང་ལ་ཟེར་རམ།

    ལན། བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པར་ཐོབ་པའི་ཁེ་སྤོགས་དེ་ཚུལ་མིན་གྱི་ཁེ་ཐོབ་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། གྱོང་གུན་ཕོག་པའི་མིར་ཚུལ་མིན་གྱི་ཁེ་ཐོབ་ཕྱིར་སློག་བྱ་རྒྱུའི་རེ་བ་འདོན་དབང་ཡོད།

    12.ལས་ཚབ་དང་ལས་ཚབ་བྱ་ཡུལ་གྱི་མིས་ཞོར་འདྲུད་འགན་འཁྲི་འཁུར་བའི་སྔོན་འགྲོའི་ཆ་རྐྱེན་གང་ཡིན་ནམ།

    ལན། ལས་ཚབ་ཀྱིས་ལས་ཚབ་བྱ་ཡུལ་གྱི་མིའི་བྱ་བ་ཁྲིམས་འགལ་ཡིན་པ་ཤེས་པའམ་ཡང་ན་ཤེས་དགོས་ངེས་ཡིན་ཡང་སྔར་བཞིན་ལས་ཚབ་ཀྱི་བྱེད་སྤྱོད་སྤེལ་བའི་རིགས་ཡིན།

    13.ལུགས་མཐུན་འགོག་སྲུང་དེ་དགོས་ངེས་ཀྱི་ཚད་གཞི་ལས་བརྒལ་ན། དམངས་དོན་འགན་འཁྲི་འཁུར་དགོས་སམ།

    ལན། དགོས་ངེས་ཀྱི་ཚད་གཞི་ལས་བརྒལ་བའི་དབང་གིས་ཕ་རོལ་ལ་དགོས་མེད་ཀྱི་གནོད་འཚེ་བཏང་བའི་རིགས། དམངས་དོན་གྱི་འགན་འཁྲི་འོས་འཚམ་འཁུར་དགོས།

    14.མི་གཞན་གྱི་དམངས་དོན་ཁེ་དབང་བསྲུངས་པའི་དབང་གིས་རང་ཉིད་ལ་གནོད་འཚེ་ཕོག་པའི་རིགས། ཕན་པ་ཐོབ་མཁན་གྱིས་ཁ་གསབ་སྤྲོད་དགོས་སམ།

    ལན། གལ་ཏེ་བཙན་གནོད་བྱེད་མཁན་གྱིས་དམངས་དོན་འགན་འཁྲི་ཁུར་ཚེ། ཕན་པ་ཐོབ་མཁན་གྱིས་ཁ་གསབ་འོས་འཚམ་སྤྲད་ཆོག གལ་ཏེ་ཁེ་དབང་ལ་བཙན་གནོད་བྱེད་མཁན་མེད་པ་དང་། ཁེ་དབང་ལ་བཙན་གནོད་བྱེད་མཁན་བྲོས་བྱོལ་དུ་སོང་བའམ་དམངས་དོན་འགན་འཁྲི་འཁུར་ནུས་མེད་པའི་ཐོག གནོད་འཚེ་ཕོག་མཁན་གྱིས་ཁ་གསབ་རེ་འདུན་ཞུས་པའི་རིགས། ཕན་པ་ཐོབ་མཁན་གྱིས་ཁ་གསབ་འོས་འཚམ་སྤྲོད་དགོས།

    15.རང་མོས་སུ་མི་གཞན་ལ་ཛ་དྲག་རོགས་སྐྱོབ་བྱས་པ་ལས་རོགས་རམ་བྱ་ཡུལ་ལ་གནོད་སྐྱོན་ཕོག་པའི་རིགས། འགན་འཁྲི་འཁུར་དགོས་སམ།

    ལན། དམངས་དོན་འགན་འཁྲི་འཁུར་དགོས་མེད།

    16.ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་རེ་འདུན་ཞུ་བའི་གཏུག་བཤེར་གྱི་གོ་ཆོད་དུས་ཡུན་ག་ཚོད་ཡིན་ནམ།

    ལན། བཅའ་ཁྲིམས་ནང་ཟུར་དུ་གཏན་འབེབས་བྱས་པ་ཕུད་ལོ་གསུམ་རེད། སྲུང་སྐྱོང་དུས་ཡུན་རིང་ཤོས་ནི་ཁེ་དབང་ལ་གནོད་འཚེ་ཕོག་པའི་ཉིན་ནས་བཟུང་ལོ་ཉི་ཤུ་རེད། དམིགས་བསལ་གྱི་གནས་ཚུལ་ཡོད་པའི་རིགས། ཁྲིམས་ཁང་གིས་དབང་ཆ་ཡོད་མཁན་གྱི་རེ་འདུན་གཞིར་བཟུང་དུས་ཡུན་རིང་དུ་གཏོང་ཆོག

    17.དུས་བགོས་འཇལ་སྤྲོད་བུ་ལོན་རིགས་ཀྱི་གཏུག་བཤེར་གྱི་གོ་ཆོད་དུས་ཡུན་ག་དུས་རྩིས་དགོས་སམ།

    ལན། དུས་རིམ་མཐའ་མའི་ལག་བསྟར་དུས་ཡུན་ཐིམ་པའི་ཉིན་ནས་རྩིས་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།