ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས།
“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དང་ཁྲིམས་སྐྱོང་སློབ་གྲྭར་ཁྱབ་པའི”བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉིང་ཁྲིའི་སློབ་གྲྭ་འབྲིང་ཆུང་ཁག་སྔ་རྗེས་སུ་སློབ་འགོ་ཚུགས་པ་དང་བསྟུན། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་སློབ་དུས་གསར་པའི་སློབ་འགོ་ཚུགས་པའི་དུས་ཚིགས་གོ་སྐབས་སུ་བྱས་ནས། མཐའ་མཚམས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དང་ཁྲིམས་སྐྱོང་སློབ་གྲྭར་ཁྱབ་པའི”བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ན་སོ་དར་ལ་མ་བབ་པའི་མིའི་ལུས་སེམས་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། བདེ་འཇགས་དང་འཆམ་མཐུན་གྱི་སློབ་གྲྭའི་ཁོར་ཡུག་ཅིག་ཧུར་ཐག་བསྐྲུན་པ་རེད།
“ང་ཚོས་རྒྱུན་དུ་མཐོང་བའི་མེ་གསོད་ཡོ་བྱད་ལ་ཕྱེ་སྐམ་མེ་གསོད་ཡོ་བྱད་དང་དབྱང་གཉིས་ཐཱན་འགྱུར་གྱི་མེ་གསོད་ཡོ་བྱད་སོགས་ཀྱི་རིགས་ཁག་ཡོད”ཅེས་ཉེ་ཆར་ཕད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཞེ་ཧྲང་ཅུན་གྱིས་ཕད་གྲོང་རྡལ་སློབ་ཆུང་གི་དགེ་སློབ་ལ་མེ་གསོད་ཡོ་བྱད་སྣ་ཚོགས་ངོ་སྤྲོད་བྱས་ཤིང་། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཚན་པ་ཁག་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ།“འགྲིམ་འགྲུལ་བདེ་འཇགས་དང་། མེ་གསོད་བདེ་འཇགས། སློབ་གྲོགས་ཀྱི་བརྙས་བཅོས་འགོག་ཟོན། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན”བཅས་ཀྱི་བརྗོད་དོན་གཙོ་བོ་བཞི་ལ་དམིགས་ནས། གོ་བདེ་ཤེས་སླའི་སྐད་ཆ་དང་འཚོ་བའི་ནང་གི་གྱོད་དཔེ་ལ་བརྟེན་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་སྣང་བྱེད་ས་དང་། མེ་གསོད་ཡོ་བྱད་སྤྱོད་སྟངས། སློབ་གྲོགས་ཀྱི་བརྙས་བཅོས་ལ་ཁ་གཏད་གཅོག་ཐབས། དེ་བཞིན་དྲ་རྒྱའི་ཁ་བསླུས་མགོ་སྐོར་དབྱེ་འབྱེད་བྱེད་ཐབས་བཅས་གསལ་བཤད་ཞིབ་ཕྲ་བྱས་ཏེ། དགེ་སློབ་ཚོར་གསོན་ཉམས་ལྡན་ལ་གོ་ཆོད་པའི་བདེ་འཇགས་སློབ་གསོའི་སློབ་ཚན་རབ་དང་རིམ་པ་ཁྲིད་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་རིམ་རྩིས་བྱས་ན་དགེ་སློབ་750ལྷག་ཙམ་ཞུགས་པ་དང་ཁྱོན་བསྡོམས་དྲིལ་བསྒྲགས་དཔྱད་ཡིག་370ལྷག་ཙམ་བཀྲམ་ནས་སློབ་མར་ཡང་དག་པའི་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུར་རོགས་རམ་ནུས་ལྡན་ཐུབ་པ་མ་ཟད། སློབ་མའི་ཉེན་ཁ་འགོག་ཟོན་གྱི་ནུས་པའང་ཆེ་རུ་ཕྱིན་ནས་དུས་བདེའི་སློབ་གྲྭ་འཛུགས་སྐྱོང་དང་ན་སོ་དར་ལ་མ་བབ་པའི་མི་བདེ་ཐང་ངང་འཚར་ལོངས་སྲུང་ཡོང་ཆེད་ཁྲིམས་སྐྱོང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།