དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་གིས་སྟབས་བསྟུན་བྱ་ཐབས་སྤྱད་ནས་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-26

    ཉེ་ཆར། དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་གིས་བུན་ཚབ་ཏུ་ལུག་སྤྲོད་པའི་ལག་བསྟར་གྱོད་གཞི་ཞིག་ཐག་བཅད་པ་རེད། གྱོད་དོན་འདི་བུ་ལོན་གྱི་རྩོད་གཞི་ལས་བྱུང་བ་དང་། བུན་འགན་འཁུར་མིར་བུ་ལོན་འཇལ་ནུས་མེད་པས། མཐར་བུན་བདག་དང་གྲོས་མཐུན་བཞག་སྟེ། གྱོད་དངུལ་གྱི་ཚབ་ཏུ་རང་ཁྱིམ་དུ་གསོས་པའི་ལུག་སྤྲད་པས། གྱོད་དོན་མཇུག་འགྲིལ་བ་དང་། གནད་དོན་ཐག་ཆོད་པ། དོ་བདག་འཆམ་མཐུན་བཅས་བྱུང་བ་རེད།

    ལག་བསྟར་ཁྲིམས་དཔོན་གྱིས་ལག་བསྟར་རེ་ཞུ་བྱེད་མཁན་བཀྲ་ཆེ་གེ་མོའི་པ་ཕ་ཁྲིད་ནས་ལག་བསྟར་བྱ་ཡུལ་དབང་ཆེ་གེ་མོའི་ཁྱིམ་དུ་ཡོང་ནས། ལག་བསྟར་བྱ་ཡུལ་ལ་ཕྱུགས་རིགས་ཕུད་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པ་དང་དངུལ་སྨར་བཏོན་ཏེ་ཕྲུ་གུའི་གསོ་རྟེན་སྤྲོད་པའི་ནུས་པ་མེད་པ་ཤེས་རྟོགས་བྱུང་ཞིང་། ལག་བསྟར་བྱེད་རིང་ལས་བྱེད་ཉེན་རྟོག་པས་སྟབས་བསྟུན་སྣ་མང་གི་ལག་བསྟར་བྱ་ཐབས་སྤྱད་པ་རེད།

    ལག་བསྟར་ཁྲིམས་དཔོན་དྲན་པ་སྐྱེན་པོ་བྱུང་ནས་བུན་ཚབ་ཏུ་ལུག་སྤྲོད་པའི་བྱ་ཐབས་ལ་བརྟེན་ཏེ་ཐག་གཅོད་བྱས་ན་དགའ་བསམས་ནས། མྱུར་དུ་ཇུས་གཞི་འདི་ཕྱོགས་གཉིས་པོར་བཤད་པས། ཁྱིམ་ཚང་གཉིས་པོའི་མོས་མཐུན་གཅིག་མཐུན་བྱུང་ཡོད། “ཕྱོགས་གཉིས་ཀས་བུན་ཚབ་ཏུ་ལུག་སྤྲོད་པའི་ཇུས་གཞིར་མོས་མཐུན་ཡོད་ན། ང་ཚོས་འབྲོག་ཁུལ་དུ་འགྲོ་བའི་དུས་ཚོད་གཏན་འཁེལ་བྱེད་ཆོག”ཅེས་ལག་བསྟར་ཁྲིམས་དཔོན་གྱིས་བརྗོད་པ་དང་། ཁོང་གིས་གོ་སྐབས་བཟང་པོ་དང་བསྟུན་ནས་དོན་དག་དེ་བསྒྲུབས་ཡོད། དེས་ན། ཇུས་གཞི་གཏན་འཁེལ་བྱས་པའི་ཉིན་གཉིས་པར་ཕྱོགས་གཉིས་པོ་འབྲོག་ཁུལ་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་ལུག་ལ་དཔྱད་དཔོག་བྱས། ལག་བསྟར་ཁྲིམས་དཔོན་གྱིས་བུན་ཚབ་སྤྲོད་པའི་བརྒྱུད་རིམ་ཁྲིམས་མཐུན་དང་ཚད་ལྡན་ཡོང་བར་འགན་ལེན་བྱས་ཡོད་ལ། བུན་ཚབ་ཏུ་སྤྲོད་པའི་ལུག་གི་གྲངས་འབོར་སོགས་ལ་ལྟ་བཤེར་ཞིབ་ཕྲ་བྱས། ལུག་གི་ལྗིད་ཚད་མི་འདྲ་བའི་དབང་གིས། ཕྱོགས་གཉིས་པོས་ལུག་རེར་ཆ་སྙོམས་རིན་གོང་སྒོར་1000ཡི་ཐོག་ནས་བུན་ཚབ་སྤྲོད་རྒྱུའི་གྲོས་མོལ་བྱས་པ་དང་། མཐར་ལུག་8སྤྲོད་རྒྱུའི་གཏན་འཁེལ་བྱས་ནས་གྱོད་དོན་དེ་མཇུག་བསྒྲིལ་བས། གྱོད་དོན་དེ་ལག་བསྟར་བདེ་བླག་ཐུབ་ཡོད་པ་རེད།

    བུན་ཚབ་ཏུ་ལུག་སྤྲོད་པའི་ལག་བསྟར་གྱོད་དོན་འདིར། ལག་བསྟར་ལས་བྱེད་ཉེན་རྟོག་པས་བུན་བདག་དང་བུན་འགན་འཁུར་མིའི་གནས་ཚུལ་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། ལག་བསྟར་བྱ་ཡུལ་གྱི་མིའི་ཐོན་སྐྱེད་དང་འཚོ་བར་དོན་མེད་ཀྱི་ཤུགས་རྐྱེན་ངན་པ་མི་ཐེབས་པར་བྱས་ཡོད། བུན་ཚབ་ཏུ་ལུག་སྤྲོད་པའི་བྱ་ཐབས་བརྒྱུད། བུན་བདག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཐུབ་པ་མ་ཟད། བུན་འགན་འཁུར་མིའི་དཔལ་འབྱོར་གྱི་ཁུར་པོའང་ཡང་དུ་ཕྱིན་ཏེ། བཅའ་ཁྲིམས་ཀྱི་ཕན་ནུས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་དམ་ཟབ་བྱུང་ཡོད། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་གྱོད་དོན་ལ་གཞིགས་ནས་ཐབས་ཇུས་ལག་ལེན་བསྟར་བ་དང་ལག་བསྟར་བྱ་ཐབས་གསར་གཏོད་བྱས་ཏེ། དོ་བདག་ལ་དེ་བས་སྟབས་བདེ་དང་ནུས་ཆེའི་ཁྲིམས་འཛིན་ཞབས་འདེགས་ཞུས་པ་བརྒྱུད། ཁྲིམས་འཛིན་གྱི་དྲང་གཞག་དང་ལས་ཆོད་གང་ལེགས་མངོན་ཡོད་ལ། ཁྲིམས་འཛིན་ལས་དོན་ལ་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཡིད་ཆེས་བྱེད་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།