ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞིའི་འཚམས་ལན་བྱེད་སྒོ་སྤེལ་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ཞིབ་དཔྱོད་ཁང་གིས་དམངས་འཚོར་སྲུང་སྐྱོང་བྱེད་པའི”ཆེད་དོན་ལས་དོན་ཡག་པོ་བསྒྲུབས་ཏེ། ཞིབ་དཔྱོད་པས་ན་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་ལ་སྲུང་སྐྱོང་བྱ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་སྟོད་ལུང་བདེ་ཆེན་ཆུས་དང་ཆུ་ཤུར་རྫོང་དུ་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞིའི་འཚམས་ལན་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་རོགས་སྐྱོབ་ཐོབ་པའི་ན་སོ་དར་ལ་མ་བབས་པའི་མི་ཞིབ་དཔྱོད་ཁང་གིས་སྒྲིག་འཛུགས་བྱས་པའི“དམངས་ལ་ཕན་བདེ་བསྐྲུན་པའི་ཞིབ་དཔྱོད་པའི་གཟུགས་བརྙན་གང་སར་ཁྱབ”ཅེས་པ་དང“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་གྱི་བྱེད་སྒོར་གདན་དྲངས་ནས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་ཐུབ་པ་བྱས་པ་རེད།
འཚམས་ལན་བྱེད་སྒོའི་རིང་། ཁྱིམ་ཚང་ཁག་ཏུ་སྐྱོད་སྐབས། གྱོད་སྒྲུབ་ཚོགས་པའི་ཁོངས་མིས་རོགས་སྐྱོབ་བྱ་ཡུལ་དང་དེ་བཞིན་ཁོང་ཚོའི་ནང་མི་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་རོགས་སྐྱོབ་བྱ་ཡུལ་གྱི་ན་སོ་དར་ལ་མ་བབས་པའི་མིའི་ཁྱིམ་ཚང་གི་ཁོར་ཡུག་དང་། འཚོ་བ། སློབ་སྦྱོང་བཅས་ཀྱི་གནས་ཚུལ་དང་། ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་བེད་སྤྱོད་བྱེད་ཚུལ། དེ་བཞིན་འཕྲད་པའི་དཀའ་ངལ་དངོས་བཅས་ཤེས་རྟོགས་བྱས་ཏེ་རོགས་སྐྱོབ་བྱ་ཡུལ་གྱི་ན་སོ་དར་ལ་མ་བབས་པའི་མིར་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་བྱས་ནས་ཁོང་ཚོས་དཀའ་ངལ་ཁྱད་དུ་བསད་ནས་སྤྲོ་སྣང་ལྡན་པའི་འཚོ་བ་སྐྱེལ་དགོས་པའི་སྐུལ་ལྕག་བྱས་པ་རེད།