དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བཅའ་ཁྲིམས་རོགས་སྐྱོར་གྱིས་རེ་བ་སྦྱིན། ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་མི་སེམས་དྲོད།

    —— ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་ཕན་འབྲས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-13

    ལྷ་ས་གྲོང་ཁྱེར་དུ་བཅའ་ཁྲིམས་རོགས་སྐྱོར་ལས་དོན་སྔར་ན་མེད་པའི་ཤུགས་ཚད་ཐོག་ནས་སྤེལ་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་སྟབས་བདེ་དང་ནུས་ཆེའི་བཅའ་ཁྲིམས་ཞབས་འདེགས་ཧུར་ཐག་ཞུས་ཡོད། དུས་ཡུན་རིང་པོའི་ནང་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་རོགས་སྐྱོར་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    གྲོང་ཁྱེར་དང་རྫོང(ཆུས)གི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང་སྡེ་ཚན་ཁག་ཏུ་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་བཙུགས་པ་མ་ཟད། ཁྲིམས་རྩོད་པ་བཀོད་སྒྲིག་བྱས་ནས་མང་ཚོགས་ལ་བཅའ་ཁྲིམས་བློ་འདྲི་དང་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ཤང(གྲོང་རྡལ)དང་སྡེ་ཁུལ་ཁྲོམ་གཞུང་གི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ས་ཚིགས་ཀྱིས་ཀྱང་གཞི་རིམ་གྱི་བཅའ་ཁྲིམས་རོགས་སྐྱོར་བློ་འདྲིའི་འབྲེལ་གཏུག་ས་ཚིགས་བཙུགས་ནས། མང་ཚོགས་ལ་སྒོ་འགྲམ་ནས་བཅའ་ཁྲིམས་རོགས་སྐྱོར་ཐོབ་པའི་འགན་ལེན་བྱས་ཡོད། བྱེད་ཐབས་འདིས་བཅའ་ཁྲིམས་རོགས་སྐྱོར་གྱི“མཐའ་མའི་འགག་གནད”བསལ་ནས་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་མང་ཚོགས་དང་དེ་བས་ཉེ་བ་དང་མང་ཚོགས་ལ་དེ་བས་སྟབས་བདེ་ཡོང་བར་བྱས་ཡོད།

    ཞབས་ཞུའི་བརྒྱུད་རིམ་གྱི་སྤུས་ཚད་ལེགས་སུ་བཏང་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་བཏང་ཞིང་། བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི“12348”ཐད་སྦྲེལ་ཁ་པར་ལས་སྟེགས་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས(ས་ཚིགས)ཀྱི་དངོས་གཞིའི་ལས་སྟེགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཡོད། མང་ཚོགས་ཀྱིས་ལས་སྟེགས་དེ་དག་བརྒྱུད་ནས་རིན་མི་དགོས་པར་བཅའ་ཁྲིམས་ཀྱི་གནད་དོན་བློ་འདྲི་བྱེད་ཆོག་པ་དང་དུས་ཐོག་ཏུ་བཅའ་ཁྲིམས་ཀྱི་རོགས་སྐྱོར་རེ་ཞུ་བྱེད་ཆོག་གི་ཡོད།

    དམིགས་བསལ་ཚོགས་སྤྱིའི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ཐད་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཞིང་པ་ལས་མི་དང་། རྒན་རྒོན། བུད་མེད། ན་སོ་དར་ལ་མ་བབས་པའི་མི། དབང་པོ་སྐྱོན་ཅན། དམག་མི་དང་དམག་མིའི་ནང་མི་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་པའི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་མུ་མཐུད་སྤེལ་ནས་བཅའ་ཁྲིམས་རོགས་སྐྱོར་གྱི“ཐོགས་མེད་བགྲོད་ལམ”བཏོད་ཡོད། ལྷག་པར་དུ། ཞིང་པ་ལས་མིའི་གླ་ཕོགས་སོགས་ཁེ་དབང་སྲུང་སྐྱོང་གྱོད་གཞིར་དམིགས་ནས་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་དུས་ཐོག་ཏུ་ཕྱོགས་གཉིས་ཀྱི་དོ་བདག་སྒྲིག་འཛུགས་བྱས་ནས་འདུམ་འགྲིག་བྱས་ཏེ། ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་གི་གཏུག་བཤེར་མ་གནས་དམའ་རུ་བཏང་བ་དང་སྤུས་ལེགས་དང་ནུས་ཆེའི་དམངས་ཕན་ཞབས་ཞུའི་བྱེད་ཐབས་ལ་བརྟེན་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཡོད།

    ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ནས་བཅའ་ཁྲིམས་རོགས་སྐྱོར་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ཞིང་། བཅའ་ཁྲིམས་རོགས་སྐྱོར་ཤེས་རྟོགས་ཐུབ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་དུས་ཚིགས་གལ་ཆེན་གང་ལེགས་སྤྱད་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཐེངས་མང་སྤེལ་ཡོད། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ཉིན་མོ”དང་། “འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོ” “རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ”སོགས་དུས་ཚིགས་གལ་ཆེན་སྤྱད་དེ་སྡེ་ཁུལ་དང་། སློབ་གྲྭ ཁེ་ལས་སོགས་གཞི་རིམ་ཚན་པར་བསྐྱོད་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ཞབས་འདེགས་གཏིང་ཟབ་ཞུ་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་སྐྱོང་ལྷ་ས་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། འབྱུང་འགྱུར་ལ་ཕྱོགས་ནས་བཅའ་ཁྲིམས་རོགས་སྐྱོར་ཞབས་འདེགས་མུ་མཐུད་གཏིང་ཟབ་ཞུ་བ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་བཏང་སྟེ་བཅའ་ཁྲིམས་རོགས་སྐྱོར་སྟབས་བདེ་དང་ནུས་ཆེ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་མུ་མཐུད“དམངས་ཆེད་ཁྲིམས་འཛིན་སྲིད་འཛིན་བྱེད་པའི”དམིགས་ཡུལ་དང“མི་དམངས་ལྟེ་བར་འཛིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་དང་ནུས་ཆེའི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱས་ནས་ཁྲིམས་སྐྱོང་ལྷ་ས་འཛུགས་སྐྲུན་ལ་རམ་འདེགས་བྱེད་པར་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།