དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྤོ་བོ་རྫོང་གིས་མེ་སྐྱོན་སྔོན་འགོག་གི་དྲ་ཚགས་དམ་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-03

    འདི་ནི་སྤོ་བོ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་མེ་འགོག་འཕྲལ་སྒྲུབ་རུ་ཁག་གི་ལས་དོན་པས་བཞའ་ཚན་ཆེ་རུ་གཏོང་ཆེད་ཆུ་གཏོར་བཞིན་པ།

    འདི་ནི་སྤོ་བོ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་མེ་འགོག་འཕྲལ་སྒྲུབ་རུ་ཁག་གི་ལས་དོན་པས་མེ་སྐྱོན་གྱི་འབྱུང་རྩ་གཙང་སེལ་བྱེད་བཞིན་པ།

    ཉིན་ཤས་བསྟུད་མར་སྤོ་བོ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་ལ་དམ་འཛིན་བྱས་ནས། བྱེད་ཐབས་སྣ་མང་ཧུར་ཐག་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི“མེ་འགོག་གྱང”བརྟན་པོ་བསྐྲུན་པ་རེད།

    སྤོ་བོ་རྫོང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་བཀོད་འདོམས་ལྟེ་གནས་སུ་སྐྱོད་སྐབས། ལས་དོན་པས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་མ་ལག་སྤྱད་དེ། ཤང་དང་གྲོང་རྡལ་ཁག་གི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་དང་། མ་ལག་ནང་རབ་གསལ་ས་ཚིགས་90ལྷག་ཙམ་ཚུད་ཡོད་པས་ནགས་ཚལ་དང་རྩྭ་ཐང་དང་། གྲོང་ཚོའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་གསལ་པོ་བྱེད་ཐུབ་ཀྱི་ཡོད་པ་རེད། ལག་རྩལ་པས་གསར་འགོད་པར་ཚན་རྩལ་སྟོབས་ཤུགས་ལས་མེ་སྐྱོན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་པའི་དུས་ཚོད་ཐུང་དུ་ཆེས་ཆེར་ཕྱིན་ཡོད།

    རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་གཙོ་གནད་མེ་འགོག་ཁུལ་ལ་ཆུ་ཚོད་24ཡི་རིང་ལྟ་སྐུལ་ཚོད་འཛིན་བྱས་ཏེ། དུ་བ་དང་མེ་སྐྱོན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ། སྤོ་བོ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ས་ངོས་སྐོར་སྲུང་མི་སྣ་བཀོད་སྒྲིག་བྱས་ནས། ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་སྙན་སེང་ཞུས་ནས་མགྱོགས་མྱུར་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

    2024ལོའི་ཟླ་5པར་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པས། དེ་ཉིད་མི་ཤུགས་ཀྱི་ལྟ་ཞིབ་ཚད་ལེན་ལས་སྟབས་བདེ་བ་དང་ཁྱབ་རྒྱ་ཆེ་བ་མ་ཟད། གནས་གཏན་འཁེལ་ཡང་བྱེད་ཐུབ། ད་ལྟ་ང་ཚོ་མི་གཉིས་ཀྱིས་ལས་རེས་བྱེད་པ་དང་ཆུ་ཚོད་24རིང་བཀའ་བསྒུགས་ནས་སྡོད་ཀྱི་ཡོད་པས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་དུས་ཐོག་ཏུ་ཐག་གཅོད་ཏན་ཏིག་ཐུབ་ཀྱི་ཡོད”ཅེས་སྤོ་བོ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་དང་རྩྭ་ཐང་ཅུས་མེ་འགོག་གཞུང་ལས་ཁང་གི་ལག་རྩལ་པ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས།

    སྤོ་བོ་རྫོང་གཡུ་ཤུལ་ཤང་མེ་ཁྲལ་གྲོང་ཚོར་ཏང་ཡོན་གྱི་མེ་འགོག་དྲིལ་བསྒྲགས་རུ་ཁག་ཅིག་ཡོད་པ་དང་། ཏང་གི་ཉིན་མོའི་བྱེད་སྒོའི་སྐབས་སུ་ཏང་ཡོན་གྱི་མེ་འགོག་དྲིལ་བསྒྲགས་རུ་ཁག་གིས་རྒྱ་བོད་སྐད་རིགས་གཉིས་ཀྱི་ཐོག་ནས། མང་ཚོགས་ལ་ལྟ་འདོད་ལ་ཉན་སྤྲོ་བའི་མེ་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ནས། ནཌ་ཚལ་དང་རྩྭ་ཐང་གི་མེ་འགོག་ཤེས་བྱ་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པར་བྱེད་ཀྱི་ཡོད་ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།