“སྐྱེ་དངོས་བདེ་འཇགས་གྲངས་གཞི་མཉམ་སྤྱོད་དང་མཐུན་སྦྱོར་ཐག་གཅོད་ཀྱི་མཉམ་ལས་ལམ་སྲོལ”ལ་མིང་རྟགས་བཀོད་པ།
ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་གཞིས་རྩེ་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་པ།
འགག་སྒོའི་ལྟ་འདོམས་ལས་དོན་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བ་དང་ཐུན་མོང་ཐོག་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་དེར་ཁ་གཏད་བཅག་ནས་འགག་སྒོའི་མཐའ་མཚམས་བདེ་འཇགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་ཆེད། ཟླ་2ཚེས་10ཉིན། ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་གཞིས་རྩེ་འགག་སྒོ་ལས་ཁུངས་ཀྱིས“སྐྱེ་དངོས་བདེ་འཇགས་ཀྱི་གྲངས་གཞི་མཉམ་སྤྱོད་དང་མཐུན་སྦྱོར་ཐག་གཅོད་ཀྱི་མཉམ་ལས་ལམ་སྲོལ”ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད།
ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་ཝང་ཙེ་ལེང་གིས་མཉམ་ལས་ལམ་སྲོལ་ལ་མིང་རྟགས་བཀོད་པ་དང་དེ་བཞིན་ནུས་ཆེའི་འཁོར་སྐོར་ལ་བསམ་འཆར་ཁག་གསུམ་བཏོན་པ་སྟེ།
གཅིག་ནི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས་ཤིང་། མི་དམངས་ཉེན་རྟོག་པ་དང་འགག་སྒོའི་ལས་མི་ཡོངས་ཀྱིས་སྐྱེ་དངོས་བདེ་འཇགས་ཀྱི་གྲངས་གཞི་མཉམ་སྤྱོད་དང་མཐུན་སྦྱོར་ཐག་གཅོད་ཀྱི་ལས་དོན་ནི་འགག་སྒོའི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། ཕྱོགས་གཉིས་པོས་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་ལ་དམ་འཛིན་ཡག་པོ་བྱས་ཏེ། འབྲེལ་གཏུག་དམ་ཟབ་དང་མཐུན་སྦྱོར་གཞོགས་འདེགས་ཀྱིས་མཉམ་ལས་ལམ་སྲོལ་ཁག་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས།
གཉིས་ནི་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། ཕྱོགས་གཉིས་པོའི་ཞིབ་ཕྲའི་འགན་འཁུར་མཁན་ལས་སྒོའི་ལས་དོན་པས་འགན་འཁྲི་ནན་དུ་གཏོང་བ་དང་། དངོས་འཛིན་དངོས་སྒྲུབ། ཡུན་རིང་དམ་འཛིན་དང་རྟག་ཏུ་སྒྲུབ་པ་བཅས་བྱས་ཏེ། གྲངས་གཞི་མཉམ་སྤྱོད་དང་མཐུན་སྦྱོར་ཐག་གཅོད་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགག་སྒོའི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འགག་སྒོའི་མཐའ་མཚམས་ཡུན་རིང་བདེ་འཇགས་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།
གསུམ་ནི་གྲངས་གཞི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་པ་ཆེ་རུ་གཏོང་བར་མཐོང་ཆེན་བྱེད་དགོས་ཤིང་། 《གྲངས་གཞིའི་བདེ་འཇགས་བཅའ་ཁྲིམས》དང《རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་ཚན་པ་ཁག་གི་གྲངས་གཞིའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོ་དམ་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ཏེ། བྱེད་པོའི་འགན་འཁྲི་ཁ་གསལ་བཟོ་བ་དང་གྲངས་གཞིའི་བདེ་འཇགས་སྲུང་སྐྱོང་གི་འོས་འགན་ལག་བསྟར་བྱས་ནས་གྲངས་གཞིའི་བདེ་འཇགས་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་འགག་སྒོའི་ཆེད་ལས་ཤེས་ལྡན་པ་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐུན་མོང་ཐོག་ཡར་རྒྱས་ཡོང་བ་དང་ཆེད་ལས་ནུས་པ་དང་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ནས་འགག་སྒོའི་དར་རྒྱས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་བཅས་རེད།