ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་སྨུག་ཁྲིམས་ཁང་གིས“དངོས་པོས་བུན་ཚབ་འཇལ་བའི”རྩོད་གཞི་ཞིག་ཐབས་མཁས་པོས་ཐག་གཅོད་བྱས་པ།
ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་བྲག་སྨུག་ཁྲིམས་ཁང་གི་སྒོ་རའི་ནང་ཤ་ཤེད་ལེགས་པའི་འབྲི་གཡག་གཉིས་བཏགས་ཡོད་ལ། འབྲི་གཡག་གི་ངུར་སྐད་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་ཁྲིམས་འཛིན་གཏམ་རྒྱུད་ཅིག་ཤོད་བཞིན་པ་དང་ཀུན་ནས་མཚུངས།
གསར་འགོད་པར་ཤེས་རྟོགས་བྱུང་བར། ཁྲིམས་འཛིན་གཏམ་རྒྱུད་དེའི་ཞུ་སྦྱོར་སྔ་མས་རླངས་འཁོར་ཞིག་ཞུ་སྦྱོར་ཕྱི་མར་བཙོངས་ཡོད། འོན་ཀྱང་ཞུ་སྦྱོར་ཕྱི་མས་ཁ་ཆད་ལྟར་རླངས་འཁོར་ཉོས་པའི་དངུལ་མ་སྤྲད་པ་མ་ཟད། ད་དུང་རྗེས་སུ་གར་སོང་ཆ་མེད་དུ་གྱུར་པས། ཞུ་སྦྱོར་སྔ་མ་ཐབས་ཟད་འུ་ཐུག་ཏུ་གྱུར་ནས་བྲག་སྨུག་ཁྲིམས་ཁང་ལ་ཞུ་གཏུག་མི་རྒྱག་ཀ་མེད་བྱུང་། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་རང་སར་གྱོད་དོན་ཐོ་འགོད་ཀྱིས་བདག་སྤྲོད་བྱས་ཡོད། འོན་ཀྱང་བྱང་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བས་ཞུ་སྦྱོར་ཕྱི་མ་འཚོལ་རྒྱུ་དེ་ཉེན་རྟོག་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད། ཞུ་སྦྱོར་ཕྱི་མ་རྙེད་དཀའ་བའི་མདུན་དུ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་སྟབས་བདེའི་ངང་སྤྱི་བསྒྲགས་སྤེལ་བ་དང་འཁྲུན་ཐག་བཅད་དེ་མ་བཞག་པར། རླངས་འཁོར་གྱི་སྐོར་སྐྱོད་ཁྲིམས་ཁང་གི“ལས་དོན་སྒྲུབ་སྟངས་བཞི”གཞིར་བཟུང་། གྲང་ངར་ལ་མི་འཛེམ་པར་དཀའ་ཚེགས་ཆེ་བའི་མི་འཚོལ་བའི་ལམ་བུར་བསྐྱོད་པ་རེད།
ལས་བྱེད་ཉེན་རྟོག་པ་ཚོས་དཀའ་ངལ་ལ་མི་འཛེམ་པར་གྲོང་ཚོ་ཨུ་ལྷན་དུ་བསྐྱོད་པ་དང་མཐའ་འཁོར་མང་ཚོགས་ལ་སྐད་ཆ་འདྲི་བ་སོགས་ཀྱི་བྱེད་ཐབས་བརྒྱུད། འཚོལ་ཐབས་གང་ཐུབ་སྤྱད་མཐར་གཞི་ནས་ཞུ་སྦྱོར་ཕྱི་མ་རྙེད་ཅིང་། ཞུ་སྦྱོར་ཕྱི་མས་ཐབས་ཟད་འུ་ཐུག་ངང་ངས་མི་གཞན་ལ་ཕྱུགས་འཚོ་རོགས་བྱེད་པ་ཁོ་ནར་བརྟེན་ནས་ལྟོ་གོས་འཕྱིད་ཐབས་བྱེད་ཀྱི་ཡོད་པས། རླངས་འཁོར་ཉོ་དངུལ་དངོས་གནས་འཇལ་ཐུབ་ཀྱི་མིན་འདུག་ཅེས་བཤད། བྱ་དཀའ་བྱེད་གཏད་ཀྱི་གནས་ཚུལ་དེའི་མདུན་དུ་ལས་བྱེད་ཉེན་རྟོག་པ་ཚོས“རྩོད་གཞི་གླེང་བ་དང་། གནད་འགག་འཚོལ་བ། གནས་ལུགས་ཤོད་པ། ཁྲིམས་ལུགས་གསལ་འགྲེལ་རྒྱག་པ། གནད་འགག་ལ་དམིགས་པ”བཅས་གོ་རིམ་ལྔའི་ལས་དོན་སྒྲུབ་ཐབས་སྤྱད་དེ་ཞུ་སྦྱོར་ཕྱི་མར་ལེགས་ཉེས་ཐོབ་ཤོར་དང་མི་སྡོད་སར་རང་བཞག་ནས་དབྱེ་ཞིབ་བྱས། ངང་རྒྱུད་རིང་པོས་འབྲེལ་གཏུག་དང་འདུམ་འགྲིག་བྱས་པ་བརྒྱུད། མཐར་ཞུ་སྦྱོར་ཕྱི་མས་འབྲི་གཡག་གཉིས་སྤྲད་དེ་དངོས་པོས་བུན་ཚབ་འཇལ་རྒྱུར་མོས་མཐུན་བྱས། མཚམས་འདིར་ཉོ་ཚོང་གན་རྒྱའི་རྩོད་གཞིའི་གྱོད་གཞི་དེ་ཕྱོགས་གཉིས་པོའི་བློ་ཡིད་ཚིམ་པོའི་འོག་བདེ་བླག་ངང་ཐག་གཅོད་ཐུབ་པ་རེད།