གཞིས་རྩེ་ནས་དུས་ཚོད་ཡོལ་བའི་བཟའ་བཅའ་སྒམ་20ཙམ་ཚོང་མཁན་སྒོ་རྩིས་ཚོང་ཁང་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།
གཞིས་རྩེ་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ལྷན་ཤང་མངགས་གཏོང་ཁང་གིས་ཤང་མི་དམངས་སྲིད་གཞུང་དང་འཕྲོད་བསྟེན་ཁང་དང་མཉམ་དུ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཞིབ་བཤེར་བྱེད་སྐབས་སྒོ་རྩིས་ཚོང་ཁང་ཞིག་ནས་དུས་ཚོད་ཡོལ་བའི་ཟས་རིགས་འཚོང་གི་ཡོད་པ་ཤེས་རྟོགས་བྱུང་བ།
བཟའ་བཅའི་བདེ་འཇགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚད་གཞི་དང་མཐུན་པའི་བཟའ་བཅའ་བྲིན་ཚོང་བྱེད་པ་ནི་བཟའ་བཅའ་གཉེར་སྐྱོང་བས་ངེས་པར་དུ་སྒྲུབ་དགོས་པའི་འགན་འཁྲི་དང་འོས་འགན་ཞིག་རེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ལྷན་ཤང་མངགས་གཏོང་ཁང་གིས་ཤང་མི་དམངས་སྲིད་གཞུང་དང་འཕྲོད་བསྟེན་ཁང་བཅས་མཉམ་འབྲེལ་གྱིས་བཟའ་བཅའི་བདེ་འཇགས་ཀྱི་ཞིབ་བཤེར་བྱ་སྤྱོད་སྤེལ་སྐབས། སྒོ་རྩིས་ཚོང་ཁང་ཞིག་ལ་དུས་ཚོད་ཡོལ་བའི་བཟའ་བཅའ་བཙོངས་པའི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། ཞིབ་བཤེར་བྱ་ཡུལ་ནས་རིན་ཐང་སྒོར་3000ལྷག་ཙམ་རི་བའི་དུས་ཚོད་ཡོལ་བའི་བཟའ་བཅའ་སྒམ་20ཙམ་རྩད་ཆོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་བྱེད་པའི་ཉིན་དེར་མི་དམངས་ཉེན་རྟོག་པས་ལྷན་ཤང་སླེའུ་གྲོང་ཚོའི་སྒོ་རྩིས་ཚོང་ཁང་ཞིག་ནས་ཚོང་སྒྲོམ་སྟེང་བསྒྲིགས་པའི་དུས་ཚོད་ཡོལ་བའི་བཏུང་བྱ་དང་། མེན་པའོ། སྟབས་བདེའི་ཐུག་པ་སོགས་བཟའ་བཅའ་ཤེས་རྟོགས་ཐུབ་པ་རེད། མི་དམངས་ཉེན་རྟོག་པས་འཕྲལ་མར་ཚོང་ཁང་དེ་ཚོང་གཉེར་བྱེད་མཚམས་འཇོག་ཏུ་བཅུག་པ་མ་ཟད། དུས་ཚོད་ཡོལ་བའི་བཟའ་བཅའ་ཚང་མ་ཚོང་སྒྲོམ་ནས་ཕབ་ཏེ་ཐག་གཅོད་ཀྱང་བྱས་པ་རེད།
བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བཟའ་བཅའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས། མང་ཚོགས་ཚོས་བཟའ་བཅའི་བདེ་འཇགས་ལ་མཐོང་ཆེན་བྱེད་ཚད་དང་ཤེས་རྟོགས་བྱེད་ཚད་ཀྱང་རིམ་བཞིན་ཆེ་རུ་སོང་ཡོད། སྐབས་དེར་མི་དམངས་ཉེན་རྟོགས་པས་རྒྱ་ཆེའི་འཛད་སྤྱོད་པ་ཚོར། བཟའ་བཅའི་བདེ་འཇགས་ནི་མི་ཚང་མའི་ཚེ་སྲོག་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་པས་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་། བཟའ་བཅའ་ཉོ་སྐབས། ངེས་པར་དུ་བཟའ་བཅའི་ཐོན་སྐྱེད་དུས་ཚོད་དང་། སྤུས་ཚད་འགན་ལེན་ཡུན་ཚད། ནུས་ཤོར་དུས་ཚོད་བཅས་ལ་ཞིབ་ཚགས་ལྟ་དགོས་པ། གལ་སྲིད་གནད་དོན་ཡོད་པའི་བཟའ་བཅའ་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱེད་དགོས་པ་བཅས་ཀྱི་དྲན་སྐུལ་བྱས་པ་རེད།