ཆབ་མདོ་གྲོང་ཁྱེར་གྱི་ཁྲིམས་ཁང་གི་ཡོན་ཀྲང་དང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་མཉམ་དུ་ཁྲིམས་འཛིན་གཞུང་དྲང་ལ་སྲུང་སྐྱོང་བྱས་པ།
ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་ཐོག་ཁྲིམས་འཛིན་གཞུང་དྲང་ལ་སྲུང་སྐྱོང་བཅས་བྱ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ལས་ཚབ་ཡོན་ཀྲང་དབྱང་ཡན་གྱིས་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཅང་ཅན་ཕིང་གདན་ཞུས་ལྟར་ཟུར་ཞུགས་གནང་བ་རེད།
ཚོགས་འདུའི་ཐོག་གྱོད་གཞི་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་གྲོས་བསྡུར་བྱ་རྒྱུར་ཕུལ་བའི་ཉེས་དོན་གྱོད་གཞིའི་གཞི་རྩའི་གནས་ཚུལ་དང་། གསལ་བཤད་བྱེད་དགོས་པའི་གནད་དོན། མཉམ་གྲོས་ཁྲིམས་སའི་བསམ་འཆར། རིགས་འདྲའི་གྱོད་གཞི་བཙལ་འཚོལ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད། ཅང་ཅན་ཕིང་གིས་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་འཁུར་ནས་གྱོད་གཞིའི་གནས་ཚུལ་དང་དེ་བཞིན་བཅའ་ཁྲིམས་སྤྱོད་འཐུས་སོགས་ཐད་བསམ་འཆར་བཏོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་འབྲེལ་ཡོད་བསམ་འཆར་ཉན་རྗེས། གྱོད་གཞིའི་དོན་དངོས་ངོས་འཛིན་དང་། ཁྲིམས་ལུགས་བཀོལ་སྤྱོད། ནག་ཉེས་གཏན་འཁེལ་དང་ཉེས་ཆད་ཚད་གཞི་སོགས་ལ་བགྲོ་གླེང་བྱས་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2024ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ངམ་ཡང་ན་ཅན་ཁྲ་ཀྲང་གིས་མངགས་བཅོལ་བྱས་པའི་ཅན་ཁྲ་ཀྲང་གཞོན་པ་གདན་ཞུས་ལྟར་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་ཐེངས་3བྱས་ནས་གྱོད་གཞི་ཁག་6ལ་གྲོས་བསྡུར་བྱས་ཡོད།