ས་ཡོམ་རྗེས་ཀྱི་ཟླ་བ་གཅིག་རིང་ཡོམ་ཁུལ་དུ་དྲོ་སྐྱིད་དང་རེ་བས་ཁེངས་པ།
དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་ཡིན་པ།
འདི་ནི་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཡུལ་མིས་བར་བརྒལ་བཀོད་སྒྲིག་བྱ་ཡུལ་གྱི་སྒོ་རྩིས་ཚོང་ཁང་ནས་སྔོ་ཚལ་ཉོ་བཞིན་པ།
འདི་ནི་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་ཕྲུ་གུ་ཚོ་རྩེད་མོ་རྩེ་བཞིན་པ།
འདི་ནི་དིང་རི་རྫོང་ཆུ་ལྷོ་ཤང་དཔལ་འབྱོར་སྒང་གྲོང་ཚོའི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་ཁང་པའི་ནང་ཡུལ་མི་ཁ་ལག་ཟ་བཞིན་པ།
འདི་ནི་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་ཡུལ་མི་ངལ་གསོ་རྒྱག་བཞིན་པ།
འདི་ནི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་དིང་རི་རྫོང་གྲམ་མཚོ་ཤང་གི་ཡུལ་མིས་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པའི་སྒོར་རྒྱ་ཡིག“ཧྥུའུ”འགེལ་བཞིན་པ།
འདི་ནི་དིང་རི་རྫོང་མཚོ་སྒང་ཤང་སྐྱིད་འོང་གྲོང་ཚོའི་ཡུལ་མིས་ལུག་འཚོ་བཞིན་པ།
ཟླ་1ཚེས་7ཉིན། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་གེགས་ཁུལ་མང་ཚོགས་ཀྱི་བདེ་འཇགས་དང་འཚོ་བ་སོགས་གང་ཅིར་སེམས་ཁྲལ་དང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
མི་སྣ་འཚོལ་སྐྱོབ་དང་མང་ཚོགས་གནས་སྤོ་བྱེད་པ་ནས་གནས་སྐབས་བཀོད་སྒྲིག་དང་འགྲོ་ལམ་མྱུར་བཟོ་བྱས་ཏེ་ཤར་གཏོང་འགན་ལེན་བྱེད་པའི་བར་དང་། དེ་ནས་བར་བརྒལ་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་བྱེད་པའི་བར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་ཏུ་བསྒྲིལ་བའི་དམག་འཐབ་ཅིག་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཡོད་པའི་ཇོ་མོ་གླང་མའི་འདབས་རོལ་དུ་བརྒྱབ་པས། དུས་ཐུང་ཟླ་བ་གཅིག་གི་ནང་གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་དང་བདེ་འཇགས་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པ་བྱུང་བ་རེད།
ཟླ་2ཚེས་7ཉིན་ཏེ་ས་ཡོམ་བརྒྱབ་ནས་ཟླ་བ་གཅིག་སོང་རྗེས། གསར་འགོད་པ་སླར་ཡང་དིང་རིའི་གེགས་ཁུལ་དུ་ཡོང་སྐབས་གྲམ་མཚོ་ཤང་དང་། མཚོ་སྒང་ཤང་། ཆུ་ལྷོ་ཤང་བཅས་སུ་མ་གཞི་ས་ཡོམ་གྱིས་ལྟ་བས་མི་བཟོད་པའི་གཏོར་བཤིག་ཚབས་ཆེན་ཕོག་མོད། འོན་ཀྱང་དེ་དང་མི་རིང་བའི་སར་ཡོད་པའི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཚོ་དྲོ་སོབ་སོབ་ཀྱི་སྟབས་བདེའི་ཁང་པའི་ནང་བསྡད་ཡོད་པ་དང་། ཟས་གོས་སོགས་གང་ཅིར་སེམས་ཁྲལ་མེད་པ་མ་ཟད་ན་དུས་སྨན་པ་བསྟེན་རྒྱུ་ཡོད་པ་དང་། ཕྲུ་གུ་ཚོ་ཡང་སྔོན་ཆད་ལྟར་གྲུང་རིལ་རིལ་དུ་གྱུར། མང་ཚོཌ་རྣམས་འཇིཌ་སྣང་དང་སེམས་སྡུག་ནས་རིམ་བཞིན་གྲོལ་ཏེ། གང་སར་ལྕགས་ཐབ་ཀྱི་དུ་བ་ལྷོག་ལྷོག་ཏུ་འཕྱུར་ནས་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་འབྱུང་བཞིན་ཡོད་པ་མཐོང་བྱུང་།
དིང་རི་རྫོང་མཚོ་སྒང་ཤང་སྐྱིད་འོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སངས་རྒྱས་ཉི་མས་གསར་འགོད་པར། ས་ཡོམ་བརྒྱབ་ནས་ཟླ་བ་གཅིག་ཙམ་ཕྱིན་འདུག ད་ལྟ་སྐྱིད་འོང་གྲོང་ཚོའི་དུད་ཚང་257གྱི་མི་གྲངས་1143ཚང་མ་སྟབས་བདེའི་ཁང་པར་བཀོད་སྒྲིག་བྱས་པ་མ་ཟད། ཟས་གོས་དང་ཆུ་གློག་སོགས་གང་ཅིར་སེམས་ཁྲལ་མེད། གོམ་སྟབས་རྗེས་མར། མང་ཚོགས་ཀྱི་སྣེ་ཁྲིད་དེ་བསྐྱར་སྐྲུན་ལས་ཀར་ཧུར་ཐག་ཞུགས་ནས་མང་ཚོགས་རྣམས་སྔ་ཙམ་ཁང་པ་གསར་པར་སྤོ་ཐུབ་པ་དང་འཚོ་བ་གསར་པར་རོལ་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད།
རང་ལ་ཡིད་ཆེས་ལྡན་གྱུར་ན། འདུན་པ་ཅི་ཡང་འགྲུབ་རེ་ཡོད། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་ཕུགས་འདུན་མི་རིང་བར་མངོན་འགྱུར་ཐུབ་ངེས་རེད།