“བྱ་སྤྱོད་ཆེན་པོ་ལྔ”ལ་བརྟེན་ནས་མེ་ཟོན་བདེ་འཇགས་ཀྱི་འཛིང་རགས་བརྟན་པོ་བསྐྲུན་པ།
ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགུན་དུས་དང་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
དགུན་དུས་དང་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུའི་སྐོར་གྱི་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་དང་བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། དགུན་དུས་དང་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་མེ་སྐྱོན་ལས་འཛོལ་མཐའ་གཅིག་ཏུ་སྔོན་འགོག་དང་མི་ཐོན་པར་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག(གཤམ་དུ“ཉིང་ལག་རུ་ཁག”ཅེས་བསྡུ་རྒྱུ)གིས་བརྡར་གཅོད་ནན་ཏན་དང་གནད་སྨིན་ཇུས་འདོན་གྱིས་མཛོད་ཁང་གི་ཟོག་འགྲེམས་དང་། ཁྲོམ་གཞུང་རྙིང་པ། གྲོང་མིའི་སྡེ་ཁུལ་སོགས་གཙོ་གནད་ཁུལ་དང་ཉམས་ཞན་ལྷུ་ཚིགས་ཀྱི་ས་ཁོངས་ལ་དམིགས་ནས། ཁོངས་གཏོགས་ཀྱི་རྫོང(ཆུས)དང་འགན་ནུས་སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། ཞན་ཆར་དམིགས་པ། གནད་སྨིན་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དགུན་དུས་དང་དཔྱིད་དུས་ཀྱི་མེ་ཟོན་བདེ་འཇགས་ཀྱི“བྱ་སྤྱོད་ཆེན་པོ་ལྔའི”ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གྱིས་མེ་ཟོན་བདེ་འཇགས་ཀྱི་དུས་བབ་བརྟན་པོ་ཡོང་བར་བྱས་ཡོད།
ཉིན་ཤས་བསྟུད་མར། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་སྡེ་ཚན་གྱིས་སྤྱི་བདེ་དང་། སྡོད་ཁང་འཛུགས་སྐྲུན། གྲོང་ཁྱེར་དོ་དམ། ཚོང་དོན་སོགས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཉམ་ལས་ཧུར་ཐག་བྱས་ཏེ། མཛོད་ཁང་གི་ཟོག་འགྲེམས་དང་། ཁྲོམ་གཞུང་རྙིང་པ། གྲོང་མིའི་སྡེ་ཁུལ་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་རྒྱ་ཁྱབ་བྱས་པ་མ་ཟད། བགྲོད་ལམ་ཤར་གཏོང་ཡོང་བར་བྱེད་པ་དང་། གློག་སྒུལ་སྦག་སྦག་སོགས་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་དང་ཟུང་འབྲེལ་བྱས་ནས་འཕྲལ་སྒྲུབ་ཞིབ་བཤེར་དང་། ལས་དུས་མིན་པར་ཞིབ་བཤེར། ཆེད་དོན་ཞིབ་བཤེར་སོགས་ཀྱི་བྱེད་སྟངས་ལ་བརྟེན་ཏེ་མངོན་མེད་རྐྱེན་ངན་བཅོས་སྒྲིག་གནད་ལ་འཁེལ་པོ་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མི་ཐོན་པ་བྱས་ཡོད།
དྲིལ་བསྒྲགས་དང་སློབ་གསོ་ཟུང་འབྲེལ་བྱས་ནས་རྨང་གཞི་བརྟན་དུ་བཏང་བ། ཉིང་ལག་རུ་ཁག་གིས“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་ལས་དོན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་མེ་ཟོན་དྲིལ་བསྒྲགས་ཀྱི“ཁྱབ་སྤེལ་དྲུག”གི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ཏེ། དུས་བཀག་ནང“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པ”ཁོངས་གཏོགས་ཁུལ་གྱི་ཚན་པ་དང་། ཁེ་ལས། སློབ་གྲྭ སྡེ་ཁུལ། གྲོང་གསེབ་བཅས་སུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས“ངོ་ཐུག་གདོང་འཕྲད”དང“དམར་ཁྲིད”ཀྱི་རྣམ་པའི་ཐོག་ནས་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་གཏོང་རྒྱུ་ཟུང་འབྲེལ་དང་དགུན་དུས་དང་དཔྱིད་དུས་ཀྱི་མེ་སྐྱོན་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་དགུན་དུས་དྲོད་ལེན་སྐབས་མེ་གློག་རླངས་གསུམ་སྤྱོད་པའི་བདེ་འཇགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མེ་ཟོན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཤེས་བྱ་གསལ་འགྲེལ་ནན་ཏན་བྱས་ཏེ་མང་ཚོགས་ཀྱི་མེ་ཟོན་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འདུ་ཤེས་དང་། མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཤེས་ཚད། མེ་སྐྱོན་ཁྲོད་རང་སྲུང་རང་སྐྱོབ་ཀྱི་ནུས་པ་བཅས་སྔར་བས་ཆེ་རུ་བཏང་ཡོད། ཁྱུག་དབྱིངས་དང་སྐད་འཕྲིན་སོགས་ཀྱི་ལས་སྟེགས་བརྒྱུད་མེ་ཟོན་བདེ་འཇགས་ཀྱི་དྲན་སྐུལ་དང་ཉེན་ཟོན་བརྙན་ཐུང་དུས་ཐོག་བསྟན་ནས་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ་དགུན་དུས་དང་དཔྱིད་དུས་ཀྱི་མེ་ཟོན་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཤིང་། མིག་སྔའི་བར། ཉིང་ལག་རུ་ཁག་གིས་དྲིལ་བསྒྲགས་སློབ་གསོའི་གསོ་སྦྱོང་ཐེངས་16བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་4500སྤྲད་ནས་སློབ་གསོ་ཐེབས་མཁན་མང་ཚོགས་ཀྱི་མི་གྲངས་3560ལྷག་ཙམ་ཟིན་ཡོད།