དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞི་རིམ་བཅོས་སྐྱོང་སྦྲང་ཆར་ལས། དུས་བདེའི་སྤྱི་ཚོགས་སྐྱ་ནམ་རྒྱས།

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་དངོས་སྒྲུབ་སྔོན་ལ་བཞག་ནས་དམངས་ཀྱི་འགལ་བ་ཧུར་ཐག་སེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-03

    ས་བབ་མཐོ་ཚད་ལ་སྨི་4360ཟིན་པའི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་གྲོང་རྡལ་དུ་སྐྱོད་སྐབས། ལྷིང་འཇགས་དང་ཞི་མཐུན་གྱི་རྣམ་པ་ཞིག་མིག་ལམ་དུ་འཆར་ཞིང་། དེ་ནི་གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་གཞི་རིམ་བཅོས་སྐྱོང་གཏིང་ཟབ་བྱས་ནས་དུས་བདེའི་རྣམ་པ་ཧུར་ཐག་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱས་པ་དང་ཁ་འབྲལ་ཐབས་མེད།

    ཕག་རི་མཐའ་མཚམས་མངགས་གཏོང་ཁང་ནི་1962ལོར་བཙུགས་ཤིང་། མིག་སྔར་ཉེན་རྟོག་པ་30ལྷག་ཙམ་ཡོད་པ་དང་། གཙོ་བོ་སྤྱི་ལེ་60ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་དང་སྤྱི་ལེ་ངོས་གྲུ་580ལྷག་ཙམ་གྱི་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དོ་དམ་གྱི་ལས་འགན་འཁུར་བཞིན་ཡོད།

    རང་བྱུང་ཁོར་ཡུག་ཞན་ཡང་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས“དྲ་ཐོག་དང་དྲ་ཕྱིའི”སྦྱོང་བརྡར་བྱེད་ཐབས་སྤྱད་དེ། སློབ་སྦྱོང་དང་སྤེལ་རེས་དང་། གྲལ་བཤེར་དང་དག་ཐེར། བརྟན་གཏོང་དང་ཟབ་གཏོང་བཅས“ཟུང་འབྲེལ་གསུམ”ལ་དམ་འཛིན་ཏན་ཏིག་བྱས་ནས། དཔུང་ཁག་གི་འགན་འཁྲི་སྒྲུབ་ནུས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ཡོད།

    ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྐོར་གཡེང་བྱེད་རིང་སྤྱི་རྒྱ་25ཡོད་པའི་སྒྲིག་ཆས་འཁྱེར་དགོས་སྟབས། གོམ་པ་སྤོ་ཐེངས་རེར་དཀའ་ལས་ཆེན་པོ་ཡོད་ཀྱང་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད།

    ཐེངས་ཤིག དགུན་དུས་སྐོར་གཡེང་བྱེད་རིང་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་གློ་བུར་དུ་ཁ་བ་བུ་ཡུག་ཆེན་པོ་ཞིག་འཚུབ་པ་དང་འཕྲད་པས། མཐོང་ཚད་ཧ་ཅང་དམའ་བའི་ཁར་དྲོད་ཚད་ཀྱང་ཀླད་ཀོར་འོག་གི་ཏུའུ་20ལྷག་ཙམ་དུ་སླེབས་ཡོད། ས་ཐོག་གི་ཁ་བ་ལྷགས་པས་ཁྱེར་ནས་ཕྱོགས་ཀུན་བསྒྲིབས་ཏེ། སྐར་མ་10ཡང་མ་འགོར་བར་མི་དམངས་ཉེན་རྟོག་པའི་ལུས་ཧྲིལ་པོ་དཀར་རྐྱང་ཆགས་ནས་གོམ་པ་སྤོ་དཀའ་བར་གྱུར་ཏེ། དེ་མ་ཉིད་དུ་གངས་འོག་ཏུ་བསྣུབས་པའི་ཉེན་ཁ་འཕྲད་ཡོད།

    མི་དམངས་ཉེན་རྟོག་པ་རྣམས་ཀྱིས་དེ་ལྟ་བུའི་སྐོར་གཡེང་གི་ལམ་བུ་ལོ་ནས་ལོ་བརྒྱུད་དེ་རྡོག་པས་བཅལ་ཞིང་། 2019ལོ་ནས་བཟུང་། ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཐའ་མཚམས་སུ་སྐོར་གཡེང་ཐེངས་500ལྷག་ཙམ་བྱས་པ་དང་། ཁྲིམས་འགལ་གྱི་མཐའ་མཚམས་ཀྱི་གྱོད་གཞི་ཁག་30ལྷག་ཙམ་ལ་རྡུང་རྡེག་དང་ཆད་པ་བཅད་པ་རེད།

    གངས་ལྗོངས་ས་མཐོར་གནམ་གཤིས་དེ་འདྲ་རྒྱུན་མཐོང་ཡིན་སྟབས། ཉེན་ཁ་ཆེ་བའི་གནས་ཚུལ་དེ་འདྲའང་རྟག་ཏུ་ཐོན་སྲིད་པ་ཞིག་རེད། ཉེན་ཁ་འཕྲད་རིམ་བཞིན་ཕག་རི་མཐའ་མཚམས་མངགས་གཏོང་ཁང་ནི་ཁོངས་གཏོགས་ཁུལ་གྱི་མི་སེར་ཚོའི་བློས་འགེལ་ས་ཞིག་ཏུ་གྱུར།

    ཡུལ་མི་ཚོས། “ང་ཚོར་ཉེན་ཁ་འཕྲད་པའམ་ཐ་ན་རེ་ཐག་ཆད་པའི་སྐབས་སུ། ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་རོགས་པ་བྱེད་ངེས་རེད”ཅེས་བརྗོད།

    ཕག་རི་མཐའ་མཚམས་མངགས་གཏོང་ཁང་དུ་སྲོལ་རྒྱུན་གྱི་འདུམ་འགྲིག་བྱེད་སྟངས་ཤིག་ཡོད་ཅིང་། དེ་ནི“ཇ་ཕོར་པ་གསུམ”གྱི་འདུམ་འགྲིག་བྱེད་ཐབས(ཕོར་པ་དང་པོ་ནི་ཞི་དུལ་ངང་རིང་དང་། ཕོར་པ་གཉིས་པ་ནི་ལྷུག་པོར་གླེང་བ། ཕོར་པ་གསུམ་པ་ནི་ལག་པ་བཏང་ནས་འཆམ་ཐབས་བྱེད་པ)རེད།

    ན་ནིང་གི་ཟླ་9པར། ཁོངས་གཏོགས་ཁུལ་གྱི་ཚོང་པ་མཱ་ཆེ་གེ་མོའི་ཟ་ཁང་གི་གློག་ཆད་ཅིང་། ཟ་ཁང་གི་རྒྱུན་གཏན་ཚོང་གཉེར་ལ་འགན་ལེན་བྱ་ཆེད་གློག་འདོན་འཕྲུལ་ཆས་སྤྱད་པས། སྣུམ་གྱི་དུ་བ་དང་འཕྲུལ་ཆས་ཀྱི་འཛེར་སྒྲས་གྲོང་པ་སྤེན་ཆེ་གེ་མོའི་ཟ་ཁང་གི་ཚོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། ཕྱོགས་གཉིས་པོའི་དབར་རྩོད་གཞི་བྱུང་བ་རེད། དེའི་ཐད་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས“ཇ་ཕོར་པ་གསུམ”གྱི་འདུམ་འགྲིག་བྱེད་ཐབས་སྤྱད་པས། སྐར་མ་20ཡང་མ་འགོར་བར་རྩོད་གཞི་་་འདུམ་འགྲིག་བདེ་བླག་ཐུབ་པ་རེད།

    ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་བསྟན་འཛིན་བཟང་པོས། “‘ཇ་ཕོར་པ་གསུམ’གྱི་འདུམ་འགྲིག་བྱེད་ཐབས་ནི་ང་ཚོའི་སུའོ་ཡིས་ཡུན་རིང་གི་ལས་ཀའི་ལག་ལེན་ཁྲོད་ནས་ཕྱོགས་སྡོམ་བྱས་པ་ཞིག་ཡིན། དེ་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་དང་མཐུན་སྟབས། འགལ་བ་དང་རྩོད་གཞི་སྣ་ཚོགས་ཐག་གཅོད་བྱེད་པར་ཕན་ཐོགས་ཆེན་པོ་འདུག 2019ལོ་ནས་ད་བར། ང་ཚོས‘ཇ་ཕོར་པ་གསུམ’གྱི་འདུམ་འགྲིག་བྱེད་ཐབས་སྤྱད་དེ་འགལ་བ་དང་རྩོད་གཞི་ཁག་300ལྷག་ཙམ་འདུམ་འགྲིག་བདེ་བླག་བྱས་པ་ཡིན”ཞེས་བརྗོད།

    ཉི་མ་ནུབ་ཁའི་ཕག་རི་གྲོང་རྡལ་དེ་ཉིད་གངས་རིའི་པང་དུ་སྔར་བས་བརྗིད་ཉམས་ལྡན་པ་དང་། སྔར་བས་ལྷིང་འཇགས་ལྡན་པ་ཞིག་ཏུ་སྣང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།