དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁང་དམར་རྫོང་ཉིང་རུ་མཐའ་ཚམས་མངགས་གཏོང་ཁང་གི་དམ་བཅའ།

    “མི་ཚེ་ཧྲིལ་པོར་བྱ་བ་གཅིག་རང་ལས་མེད་པ་དེ་ནི་ངས་མེས་རྒྱལ་གྱི་ཆེད་དུ་མཐའ་མཚམས་སྲུང་རྒྱུ་དེ་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-03

    གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་སྟག་རི་གྲོང་ཚོའི་རི་འདབས་སུ“མི་ཚེ་ཧྲིལ་པོར་བྱ་བ་གཅིག་རང་ལས་མེད་པ་དེ་ནི་ངས་མེས་རྒྱལ་གྱི་ཆེད་དུ་མཐའ་མཚམས་སྲུང་རྒྱུ་དེ་ཡིན”ཞེས་པའི་ཡི་གེ་ཆེན་པོ་ཞིག་གསལ་པོར་མཐོང་རྒྱུ་ཡོད། འདི་ནི་ཉིང་རུ་མཐའ་མཚམས་མངགས་ཁང་གི་མཐའ་སྲུང་ཉེན་རྟོག་པ་ཡོངས་ཀྱི་སེམས་གཏམ་རེད་ལ། མཐའ་སྲུང་བ་ཚང་མའི་བརྗིད་ཆེའི་དམ་བཅའ་ཡང་རེད།

    ས་བབ་མཐོ་ཚད་ལ་སྨི་5109ཟིན་པའི་སྟག་རི་གྲོང་ཚོ་ནི་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཉིང་རུ་མཐའ་མཚམས་མངགས་གཏོང་ཁང་གི་ཁོངས་གཏོགས་ཁུལ་ཞིག་ཡིན་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་ཐག་རིང་ཤོས་ཀྱི་གྲོང་ཚོ་ཞིག་ཀྱང་རེད། དེ་གར་དགུན་དུས་གྲང་ངར་ཆེ་ལ་ཁ་བ་ཆེན་པོ་བབས་ཀྱི་ཡོད་པས། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་20℃ལ་སླེབས་ཀྱི་ཡོད།

    ཉེན་རྟོག་པའི་རླངས་འཁོར་ཀྱག་ཀྱོག་གི་རི་ལམ་བརྒྱུད་ནས་དལ་གྱིས་སྐྱོད་སྐབས། ལམ་གྱི་གཞོགས་གཡས་གཡོན་ནི་རྩེ་མོ་མཁའ་ལ་ཟུག་པ་ལྟ་བུའི་གངས་རི་དང་གཡང་གཟར་གྱི་བྲག་རི་རེད། ས་རྡོའི་ལམ་ཁོད་སྙོམས་པོ་མེད་སྟབས། རླངས་འཁོར་ཡང་ཡམ་ཡོམ་ཁྲོད་དཀའ་ཚེགས་ཆེན་པོས་མདུན་དུ་སྐྱོད་དགོས་ཀྱི་ཡོད།

    རླངས་འཁོར་ནང་གི་མི་དམངས་ཉེན་རྟོག་པ་རེན་ཞའོ་མིང་གིས་སྒེའུ་ཁུང་ཕྱིའི་གངས་རིར་ལྟ་བཞིན་ཡིད་ལ་དྲན་འཆར་སྣ་ཚོགས་འཆར། 1988ལོར་སྐྱེས་པའི་ཁོང་ཉིང་རུ་མཐའ་མཚམས་མངགས་གཏོང་ཁང་དུ་སླེབས་ནས་ལོ་8སོང་བ་དང་། འཁྲུག་ཆ་དོད་པའི་ཕ་ཡུལ་ནས་ཐག་རིང་གི་ལས་ཁུངས་སུ་འབྱོར་ཙམ་ལ། རེན་ཞའོ་མིང་རེ་ཞིག་ཐེ་ཚོམ་གྱི་དྲ་བར་ཚུད་མོད། འོན་ཀྱང་། ལོ་8ནང་ཁོང་གིས་ལས་ཀ་དེའི་དོན་སྙིང་དང་རིན་ཐང་རིམ་བཞིན་རྟོགས། ཁོང་གིས། “ད་ཆ་སྐོར་གཡེང་བྱེད་ཐེངས་རེར་རི་སྟེང་གི་ཡིག་འབྲུ་དེ་དག་མཐོང་སྐབས། ངའི་ལུས་ཡོངས་ལ་སྟོབས་ཤུགས་ཀྱིས་ཁེངས་པ་དང་། མི་ཚེ་ཧྲིལ་པོར་བྱ་བ་གཅིག་རང་སྒྲུབ་པ་ནི་ཅི་འདྲའི་བླ་ན་མེད་པའི་ལས་འགན་ཞིག་ཡིན་པའི་ཚོར་སྣང་ཡོང་གི་འདུག”ཅེས་བརྗོད།

    རླངས་འཁོར་ཆུ་ཚོད་གཅིག་ཙམ་བསྐྱོད་རྗེས་ད་ནི་རྐང་ཐང་མར་སྐོར་གཡེང་བྱེད་སར་འབྱོར། ཉེན་རྟོག་པ་ཚོ་རླངས་འཁོར་ལས་བབས་རྗེས། གཡང་གཟར་གྱི་རི་ལྡེབས་སུ་འཛེག་འགོ་ཚུགས། ས་བབ་མཐོ་ཚད་ལ་སྨི་ལྔ་སྟོང་ལྷག་ཙམ་ཡོད་པར་བརྟེན། དེ་གར་གོམ་པ་རེ་རེ་སྤོ་བར་ཡང་ལུས་ཤུགས་མང་པོ་ཟད་ཀྱི་ཡོད། གྲང་རླུང་ནི་སྤུ་གྲི་ངར་མ་ཞིག་དང་འདྲ་བར་ཁོང་ཚོའི་ངོ་གདོང་དེ་མུར་དམར་པོར་བཏང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཙའུ་ཙུང་ཡིའུ་ཡིས། “དགུན་དུས་སྐོར་གཡེང་བྱེད་རིང་གྲང་རླུང་ངར་མ་དེས་རུས་པར་ན་ཟུག་གཏོང་གི་ཡོད་པས། གྱོན་གོས་མཐུག་པོ་ཇི་ཙམ་གྱོན་རུང་སྐར་མ་བཅུ་ཡང་མ་འགོར་བར་སླར་ཡང་འཁྱག་གི་འདུག”ཅེས་བརྗོད།

    དེ་ནས་མདུན་དུ་བསྐྱོད་ཚེ། རིང་ཚད་ལ་སྨི་100ལྷག་ཙམ་དང་གཟར་ཚད་ལ་ཏུའུ་60ཙམ་ཡོད་པའི་རི་ལམ་ཞིག་བརྒྱུད་དགོས་ཀྱི་ཡོད། “འཐབ་གྲོགས་ཚོ། ཤུགས་རྒྱོབ། ཕན་ཚུན་རོགས་རམ་བྱོས” ཚང་མས་ལག་གདང་སྦྲེལ་ཏེ་དཀའ་ཚེགས་ཆེན་པོས་རི་ལམ་ཀྱག་ཀྱོག་དེད་ནས་མདུན་སྐྱོད་བྱས། ཆུ་ཚོད་གཅིག་ལྷག་ཙམ་འབད་པས་བསྐྱོད་མཐར། སྐོར་གཡེང་དཔུང་ཁག་གཞི་ནས་རི་རྩེར་འབྱོར། སྐབས་དེར་སྐར་ལྔའི་དར་དམར་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་ཞིང་། དེ་དང་གངས་རི་དང་དགུང་སྔོན་བཅས་ལས་གྲུབ་པའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མིག་ལམ་དུ་འཆར། མི་དམངས་ཉེན་རྟོག་པ་ཚོས་ཁུ་སིམ་མེར་རི་རྩེར་ཀྲོང་ངེར་ལངས་ཏེ། རྒྱལ་དར་ལ་ཕྱོགས་སྐབས་སེམས་ལ་བརྗོད་ལས་འདས་པའི་སྤོབས་པས་ཁེངས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།