མཚོ་སྣ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱས་པ།
སྤྱི་བདེའི་འགྲིམ་འགྲུལ་སྡེ་ཚན་གྱིས་ཆང་བཏུང་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་མུ་མཐུད་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན་པ་རེད།
ཉིན་ཤས་བསྟུད་མར། མཚོ་སྣ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལས་འཛོལ་སྔོན་འགོག་ཐུབ་རྒྱུར་དམིགས་ཏེ། ལམ་ངོས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། བྱ་ཐབས་སྣ་མང་སྤྱོད་པ་དང་གནད་སྨིན་ཇུས་བསྟར་གྱིས་དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་གཅིག་སྡུད་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་དགུན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བར་བྱས་ཡོད།
དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་གནས་སྟངས་དང་མང་ཚོགས་ཕྱིར་སྐྱོད་ཀྱི་ཁྱད་ཆོས་ལ་དམིགས་ནས། འགྲིམ་འགྲུལ་ཉེན་རྟོག་པས་དམིགས་འཛུགས་ཞིབ་བཤེར་དང་། སྐོར་གཡེང་ཟུང་དུ་འབྲེལ་བའི་བྱ་ཐབས་ཐོག་ནས“ཚད་བརྒལ་གསུམ་དང་ངལ་དུབ་གཅིག”དང་། གྲོང་གསེབ་ཀྱི“གཏན་འབེབས་ལས་འགལ་བ་གཉིས”ཆང་བཏུངས་འཁོར་གཏོང་། ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་གཞུང་ལམ་འགྲིམ་འགྲུལ་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བའི་བྱ་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་ནན་པོ་བྱས་ཤིང་། ལམ་དུམ་གཙོ་བོར་སྐབས་འཕྲལ་གྱི་ལས་སྒྲུབ་ས་ཚིགས་བཙུགས་ནས་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཐོན་རིམ་བཞིན་ཆད་པ་གཅོད་པ་དང་། སློབ་གསོ་རྒྱག་པ། རྐྱེན་ངན་སེལ་བ་བཅས་བྱས་ནས་རྒྱ་ཆེའི་འགྲུལ་བཞུད་པར་རང་རྟོགས་ངང་གཞུང་ལམ་བཅའ་ཁྲིམས་དང་ཁྲིམས་སྲོལ་བསྲུང་བར་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།