ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མཐོ་སློབ་ཏུ་བསྐྱོད་དེ་ལད་མོའི་ཁྲིམས་རའི་བྱེད་སྒོ་སྤེལ་བ།
ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་། ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ་སོགས་ཚན་པ་དང་། སློབ་གླིང་། སློབ་གྲྭ་ཁག་བཅས་དང་མཉམ་འབྲེལ་ཐོག་ལད་མོའི་ཁྲིམས་རའི་བྱེད་སྒོ་སྤེལ་ནས་སློབ་གྲྭར་ཡོད་པའི་སློབ་མར་གསོན་ཉམས་དོད་ལ་སློབ་གསོའི་དོན་སྙིང་ཆེན་པོ་ལྡན་པའི་བཅའ་ཁྲིམས་ཀྱི་ལག་ལེན་བྱེད་རྒྱུ་བྱུང་བ་རེད།
བྱེད་སྒོ་སྤེལ་རིང་ཁྲིམས་རའི་དྲུང་ཡིག་གིས“ཚང་མ་ཡར་བཞེངས། འདྲི་གཅོད་པ་ཆེ་མོ་དང་འདྲི་གཅོད་པ་ཁྲིམས་རར་ཕེབས་རོགས”ཞེས་བརྗོད་པ་དང་སྦྲགས་ལད་མོའི་ཁྲིམས་རས་འདྲི་གཅོད་དངོས་སུ་བྱེད་འགོ་ཚུགས། དགེ་སློབ་ཚོས་ཁྲིམས་དཔོན་གྱི་གྱོན་གོས་དང་བརྗིད་ཉམས་ཆེ་བའི་ཞིབ་དཔྱོད་དཔོན་གྱི་ལས་གོས་གྱོན་ནས་ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། དག་འབུད་ཁྲིམས་རྩོད་པ། ཞུ་སྦྱོར་ཕྱི་མ་བ་སོགས་ལད་མོའི་རྣམ་པའི་ཐོག་ནས་གྱོད་གཞི་ཞིབ་གཅོད་བྱས་པ་རེད། ཁྲིམས་ཀྱི་ཐོ་བ་རྡུང་བའི་སྒྲ་གྲགས་པ་དང་ཆབས་ཅིག་སློབ་གླིང་དང་སློབ་གྲྭ་ཁག་ནས་ཡོང་བའི་དགེ་སློབ་ཚོས་སློབ་གྲྭར་ཐོན་མང་བའི་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་གྱོད་དཔེར་དམིགས་ཏེ་ལད་མོའི་རྣམ་པའི་ཐོག་ནས་ཁྲིམས་ར་འཚོགས་པ་རེད། ཁྲིམས་རའི་འདྲི་གཅོད་གྲ་སྒྲིག་དང་ཁྲིམས་སའི་བརྟག་དཔྱད་ནས་ཁྲིམས་རར་རྩོད་གླེང་དང་ཞུ་སྦྱོར་ཕྱི་མའི་མཐའ་མའི་ཞུ་འབུལ་བཅས་བར་གྱི་ལྷུ་ཚིགས་ཚང་མ་སླ་བཅོས་སྤུ་ཙམ་མེད་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཞིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་ཁྲིམས་རར་འདྲི་གཅོད་བྱེད་སྒོའི་འབྲེལ་ཡོད་བླང་བྱར་བརྩི་སྲུང་ནན་པོ་ཞུས་ཡོད། “འདྲི་གཅོད་པ་ཆེ་མོས”གོ་རིམ་ལྡན་པའི་ངང་ཁྲིམས་རའི་འདྲི་གཅོད་གཙོ་སྐྱོང་བྱས་པ་དང་། “གཞུང་གཏུག་མི་སྣས”ཁྲིམས་སྦྱོར་ཞུ་ཡིག་སྒྲོག་སྦྱངས་བྱས་པ། “ཞུ་སྦྱོར་ཕྱི་མས”ཉེས་གསོག་གི་དོན་དངོས་གསལ་བཤད་བྱས་པ། རྩོད་མཁན་ཕྱོགས་གཉིས་པོས་དཔང་རྟགས་འདོན་པ་དང་ངོ་ཐུག་ར་སྤྲོད་དང་རྩོད་གླེང་དྲག་པོ་བྱས་ནས་ཁྲིམས་སའི་འདྲི་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཡོངས་སུ་ཉམས་ལེན་བྱས་ཏེ། ཁྲིམས་རའི་འདྲི་གཅོད་བྱ་ཡུལ་དངོས་ཚང་མའི་མིག་ལམ་དུ་བཤམས་པ་རེད།
ཁྲིམས་རར་འདྲི་གཅོད་བྱེད་རིང་། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་སློབ་མ་ཚོའི་ངོ་མཚར་ཆེ་བའི་སྣང་ཚུལ་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལད་མོའི་ཁྲིམས་རའི་འདྲི་གཅོད་ཁྲོད་ཐོན་པའི་སྐྱོན་ཆ་ཁག་གཅིག་ཡོ་བསྲང་བྱས་པ། སློབ་མ་ཚོར་ཁྲིམས་བཀུར་ཁྲིམས་སྲུང་བྱེད་དགོས་པ་དང་བཅའ་ཁྲིམས་ཀྱི་བྱ་ཐབས་ཐོག་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་མ་ཟད། སློབ་མ་ཚོར་སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་རང་ཉིད་ཀྱི་ཤེས་རྒྱ་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བཅའ་ཁྲིམས་ཤེས་བྱ་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཁྲིམས་སྲུང་གཞོན་ནུ་ཡག་པོ་ཞིག་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།
བྱེད་སྒོ་མཇུག་འགྲིལ་རྗེས་བྱེད་སྒོར་ཞུགས་མཁན་སློབ་གྲོགས་ཚོས་ད་ཐེངས་ཀྱི་ལད་མོའི་ཁྲིམས་རའི་བྱེད་སྒོ་དེ་ང་ཚོའི་ངོས་ནས་བརྗོད་ན་རྩ་ཆེའི་ཉམས་མྱོང་ཤིག་ཡིན། བཅའ་ཁྲིམས་ཀྱི་ཤེས་བྱ་ཤེས་རྟོགས་སྔར་བས་གཏིང་ཟབ་ཐུབ་ལ་ཁྲིམས་སྐྱོང་དོན་གཉེར་བྱེད་པའི་ང་ཚོའི་ཕུགས་འདུན་གསར་པའང་ཡིད་ལ་ལྷང་ངེར་འཆར་བྱུང་། སླད་ཕྱིན་ང་ཚོས་ཉེན་ཁ་འཕྲད་པའི་དུས་སུ་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་དང་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།